སྐོར་བྲོ། ཟི་ལིང་ཐང་ཆེན་གྱི་མེ་རླབས་ཤིག
དོ་ནུབ། ངའི་སེམས་ཀྱི་མེ་ཐབ་འགྲམ་དུ། ཟི་ལིང་ཐང་ཆེན་གྱི་སྐོར་བྲོའི་མེ་རླབས་དེ་ཐོལ་གྱིས་མཆེད་བྱུང༌།
དོ་ནུབ། ངའི་ཡིད་ཀྱི་གཙང་བོའི་ངོགས་སུ། ཟི་ལིང་ཐང་ཆེན་གྱི་སྐོར་བྲོའི་མེ་ཏོག་དེ་དལ་གྱིས་མངོན་བྱུང༌།
དོ་ནུབ། ངའི་དྲན་པའི་མེ་དྲོད་ཀྱིས། ཡུན་རིང་འཁྱགས་ཧྲེང་གིས་མནར་བའི་སྐོར་བྲོའི་སྒྲ་དབྱངས་དེ་རེ་ཞིག་སོས་བྱུང༌།
དོ་ནུབ། ངའི་དྲན་པའི་རེ་སྒུག་གིས། ཡུན་རིང་སྟོང་བར་ལུས་པའི་འགུལ་མེད་ཀྱི་སྐོར་བྲོའི་སྟངས་སྟབས་དེ་རེ་ཞིག་རྙེད་བྱུང༌།
དེ་ནི་རི་རབ་ཅིག་ཉིལ་བྱུང་བའི་ཆོམ་སྒྲ་དང༌། ནགས་ཀློང་ཞིག་གཡོམ་འདར་བྱུང་བའི་འགུལ་སྐྱོད་དང་འདྲ།
སྐོར་བྲོ་ནི་འཇོ་སྒེག་གིས་སིམ་པའི་ཁོད་ཡངས་པའི་རྟོག་བཏགས་ཀྱི་སེམས་པ་རེད།
སྐོར་བྲོ་ནི་སྐྱིད་འཛོམས་ཀྱིས་བཏེགས་པའི་འཆར་ཡན་ཁྲོད་ཀྱི་མཛེས་སྡུག་གི་རྨི་ལམ་རེད།
ཡོད་ཚད་བྱ་ཁྱུ་བཞིན་རང་དབང་གི་འཕུར་འགྲོས་འོག་ནས་འགྲོས་མཐུན་པའི་ཉམས་འགྱུར་ཕྱུག་མོ་ཐུན་མོང་གི་མཁའ་དབྱིངས་དེའི་བང་རིམ་ན་སྤྲོ་བས་སིམ། དགའ་བས་མྱོས།
ཡོད་ཚད་གཙང་བོ་དེའི་བཞུར་དབྱངས་བཞིན་འདོད་མོས་ཀྱི་ཤག་སྒྲའི་གསེབ་ནས་གདངས་མཐུན་པའི་རྟ་དབྱངས་སྙན་མོ་དུང་སེམས་ཀྱི་མེ་ལྕེའི་ཁུད་ན་འཛུམ་བག་ངོམ། བརྩེ་བ་བརྡོལ།
སྐོར་བྲོ། ཟི་ལིང་ཐང་ཆེན་གྱི་མེ་རླབས་ཤིག
ཁྱོད་རང་རྒྱུན་པར་གྲོག་ཚང་བརྡོལ་འདྲའི་ཐང་ཆེན་གྱི་འདུ་འགོད་མཇལ་ཐེངས་རེར།
ཐང་ཆེན་གྱི་དབུས་ན། བློ་མོས་ན་མཉམ་གྱི་དཔུང་རྡང་ལྷོད་ཀྱིས་སྦྲེལ།
ཐང་ཆེན་གྱི་དབུས་ན། སེམས་དང་སེམས་པ་ཡི་མངར་ཆང་གཅིག་ཏུ་བསྲེས།
དབྱངས་སྙན་གྱི་སྡེབ་ལ་སྦྱར་བའི་མཛེས་སྡུག་གི་སྐོར་བྲོས་ང་རང་ཐེངས་གང་མང་སྤྲོ་བས་བརྒྱལ་མྱོང་ལ།
ང་རང་ཐེངས་མང་པོར་དགའ་བས་བཟིས་མྱོང༌།
ངོ་མ། དགའ་ལྷང་ལྷང་གི་གར་ཉམས་སྟོང་གིས་ངའི་ཡིད་ཀྱི་གཏིང་ཟབ་སྐུང་བའི་འཛུམ་ཆུང་དེ་ག་ལེར་གྲོལ།
དལ་ལྷོད་ལྷོད་ཀྱི་འཁྱུག་འགྲོས་འབུམ་གྱིས་ངའི་མགུལ་བར་ཡུན་རིང་ཉར་བའི་དྲི་མེད་ཀྱི་ཁ་བཏགས་དེ་བརྩེ་བས་སྒུལ།
སྐོར་བྲོ། ཟི་ལིང་ཐང་ཆེན་གྱི་མེ་རླབས་ཤིག
ཨ་ལོང་སྒོར་མོའི་དབྱིབས་ཀྱི་འཇིག་རྟེན་ཆུང་ངུ་འདི།
མཚན་མོར་གཞོན་སྐྱེས་ཁག་གི་དྲི་མེད་ཀྱི་མཁའ་དབྱིངས་རེད།
མཚན་མོར་ན་མཉམ་སྤུན་ཟླའི་རང་དབང་གི་རྩེད་ར་རེད།
དྭངས་གསལ་གྱི་གཞས་གདངས་དེ་དམར་ལམ་ལམ་གྱི་སྙིང་ཆུང་གིས་འཚོ།
འགྲོས་དལ་དལ་གྱི་འཁྱུག་འགྱུར་དེ་འཇམ་མཉེན་མཉེན་གྱི་ཕྱག་ཟུང་གིས་སྒུམ།
ངས་དཀྱེལ་ཆེ་བའི་ཐང་ཆེན་དེའི་མཛེས་སྡུག་འཐུ་ཞོར།
སྨག་ནག་ནག་གི་མཚན་མོའི་རུམ་ནས།
ལྷད་མེད་ཉམས་འགྱུར་ཡག་པའི་སྐོར་བྲོའི་མེ་རླབས་ཀྱི་དྲོད་ཁོལ་མྱངས།
ངས་བགྲང་དཀོན་པའི་མི་ཚོགས་དེའི་འཛུམ་མདངས་འཐུང་ཞོར།
སྙན་ལྷང་ལྷང་གི་སྒྲ་དབྱངས་བཅུས་ཏེ།
སྒེག་ཉམས་བརྩེ་བ་འཁྱིལ་བའི་ལང་ཚོའི་སྐོར་བྲོའི་གཟི་མདངས་རྙེད།
སྐོར་བྲོའི་མེ་རླབས་མཆེད་པའི་མཚན་ལྗོངས་ཀྱི་བར་སྣང་ལ་ར་རི་མེད་ལ་མུན་པའང་མེད།
སྐོར་བྲོའི་མེ་རླབས་འཕྱུར་པའི་མཚན་མོ་འདིའི་བར་སྣང་ལ་ངུ་བཤུམ་མེད་ལ་གདུང་ཡུས་ཀྱང་མེད།
སྐོར་བྲོའི་དྭངས་གཙང་གི་ངོ་བོ་ད་དུང་འགྱུར་མེད།
སྐོར་བྲོའི་བདེ་སྣང་གི་སྨོན་པ་ད་དུང་ཞི་མེད།
ང་སྨྲེང་དུས་སྐྱོ་རོགས་ཁྱེད་ཡིན།
ང་སྤྲོ་དུས་འཛུམ་རོགས་ཁྱོད་ཡིན།
རྩོམ་ཁུངས། ངེད་དྲ་བ།