ལག་འཇུ་ཐེངས་ཤིག
ས་སྲོད་དེར་ཐེ་ཚོམ་མེད་པར་ཐག་རིང་ལ་བལྟས
ས་རུབ་ཀྱིན་པའི་ཐག་རིང་གི་གྲིབ་མའི་ངོས
ང་ཡིས་བྲིས་པའི་ཁྱོད་གཅིག་པུའི་གཟུགས་བརྙན
མག་མོག་གི་མུན་པས་ཡོངས་སུ་གཡོགས
ལག་འཇུ་བྱེད་འདོད་པའི་ཀུན་རྟོག་གི་འགྱུ་བ
མཚན་མོ་ཞིག་གི་འཕང་བ་རུ་དལ་གྱིས་ལྷུང་
ཁ་ཐག་ཅིག་གི་ཉེ་རིང་
ཁྱོད་ཀྱིས་བདག་ལ་བསྲིངས་ཡོང་བའི་ལག་འཇུ་ཐེངས་ཤིག
དགུན་རླུང་ལས་རྩུབ་པའི་ལག་པ་གཉིས
བྲང་ཁོག་ཏུ་འཁྱག་ཤར་ཤར་གྱིས་རེག་འོང་དུས
ང་རང་གཅིག་པུ་སྡོད་ཚུགས་སམ
མཛའ་མོའི་རུམ་ཁ་ལས་ལྷུང་བའི་རེག་བྱ་ཙ་ཙིག
རྨི་ལམ་དུ་དལ་གྱིས་འཁོར་འོང་ཚེ
སྐྱིད་པོའི་གླུ་གཞས་ལེན་ནམ
སྡུག་པོའི་ངུ་ངག་འདོན
ས་སྟོང་ལུང་སྟོང་གི་གཤོང་ཁུག་རེ་རེ
སྤྱང་དར་མའི་འདུར་རྒྱུག་བྱེད་སར་གཏོགས་ན
བྱ་རྒོད་པོའི་གཤོག་རྩལ་ངོམ་མི་ཆོག་ས་དེ་གང་
བྱང་ཐང་དེར་བྱེ་མའི་ཁང་བུ་བཙུགས་རྗེས
ཞེན་ཆགས་ཀྱིས་ཁྲེས་པོ་ལྩི་མོ་རེ་རེ
བློས་མི་ཐོང་མཁན་དུ་ཙམ་མཆིས་སྲིད
ལག་འཇུ་ཐེངས་ཤིག་གི་རྗེས་སུ
ང་ཡིས་འཚོལ་ཆོག་པའི་བདག་པོ་
ག་པར་བཞུགས
༢༠༠༧ ༡༢ ༢༦དགོང་མོ་རང་ཤག་ཏུ་སྦྱར།
རྩོམ་ཁུངས། ངེད་དྲ་བ།