ཨ་མ་ལགས། རི་ལུང་ནས་རྒས་འདུག
རྫ་རི་དང་བྲག་རིའི་འདབས་རོལ་དུ
ཨ་མ་ཁྱོད་རི་ཁའི་དར་ལྕོག་བཞིན
རྟ་ནོར་ལུག་གསུམ་གྱི་བསླུ་བྲིད་འོག
འུ་ཚང་གི་སྦྲ་འདབས་ནས་ཕར་གཡོ་ཚུར་གཡོ་བྱས
ཁ་བ་དང་ཆར་རླུང་འཚུབ་ས་དེར
རི་སྤྱང་དང་གཅན་གཟན་མོད་ས་དེ་ནས
ཨ་མའི་ང་ལ་ཞིམ་མངར་གྱི་ཁ་ཟས་གནང་མྱོང
ཨ་མའི་ང་ལ་ལྷད་མེད་ཀྱི་སྙིང་གཏམ་བཤད་མྱོང
ཨ་མ་ལགས ཁྱོད་རི་ལུང་ནས་རྒས་འདུག
རི་འདབས་ཀྱི་གཙང་བོར་འགྲམ་དར་ཆགས་དུས
སྟོད་ཕྱོགས་ཀྱི་རི་བོར་ཁ་བ་འབབ་སྐབས
བྱང་ལྭ་གྱོན་པའི་འབྲོག་ཐང་གི་ཨ་མ
མ་ཎི་ཡིག་དྲུག་གི་དབྱངས་རྟ་དང་འགྲོགས་ཏེ
ཐུལ་དཀར་འབྲི་མོའི་ནུ་མ་དལ་གྱིས་འཐེན་མྱོང
ཨ་མ་ལགས ཁྱོད་རི་ལུང་ནས་རྒས་འདུག
ས་རུབ་ཁའི་མཚམས་སྤྲིན་ལ་ཕྱག་ཟུང་གེར
ནམ་ལངས་ཁར་དལ་ལྷོད་ཀྱི་གོམས་ཁ་ཆུ་ཁར་བསྒྱུར་དུས
རྒས་ཉམས་ཤོར་བའི་འཛུམ་ཞལ་དྲོན་མོ
མཐོ་སྒང་གི་ཉི་མ་བཞིན་འཆར་དུས
ཨ་མ་ལགས ཁྱོད་རི་ལུང་ནས་རྒས་འདུག
༢༠༠༧ ༡༢ ༡༨ཉིན་ལན་གྲུར།
རྩོམ་ཁུངས། ངེད་དྲ་བ།