སྙིང་རླུང་ཇེ་འཚང་རེད།
དྲ་ངོས་ཀྱི་ཡིག་འབྲུ་རེ་རེ་རྒུམ་བུ་བཞིན་མིད་རྗེས
ཁྱོད་ཀྱི་ཕྱོགས་སུ་བསམ་གཞིག་རེ་བཏང་ན
བཞུར་གྱིན་པ་རྨ་འབྲི་ཁོ་ན་ག་ལ་ཡིན
ད་དུང་ལོ་རྒྱུས་ཀྱི་ནག་ཉེས་དང་ཚེ་སྲོག
ལག་ཟུང་ཉམ་ཆུང་ཞིག་བྲང་ངོས་སུ་འབྱར་རྗེས
རྒྱང་རིང་ན་ཅི་ཞིག་ཡོད་མེད་དྲན་དུས
ཁང་མིག་འདིར་ངུ་བཞིན་པ རང་ཉིད་ཁོ་ན་མིན་པ་ཤེས
ད་དུང་རྣམ་ཤེས་ཀྱི་ཚོགས
དྲ་ཡོལ་ཕྱེ་ནས་ཕྱི་རོལ་ལ་བལྟས་ཚེ
འཚང་ཁ་ཤིག་ཤིག་གི་གྲོག་ཚོགས
ཁ་ཟས་ཆུང་ཆུང་དེའི་ཆེད་དུ་འདུར་གྱིན་འདུག་ན
ང་ཁོ་ན་ཉམ་ཆུང་གིས་འདུག་དགོས་ཡེ་ནས་མི་འདུག་སྙམ
ལག་ཟུང་བརྐྱངས་པ་ཡང་འགུལ་སྐྱོད་ཅིག་རེད
རྩེད་ར་སྒྲིག་གིན་པའི་བྱིས་པ་དེ་དག
སྤང་ཁུག་གི་མེ་ཏོག་ལ་མགོ་བོ་འཁོར་དོན
འགྲེལ་མི་དགོས་པའི་ཐ་སྙད་སླ་མོ་ཞིག་ཡིན་ཡང
དཀྲོག་ཆོག་ཆོག་གི་བྱིས་བློ སུ་ཞིག་གི་དོགས་གཞི་ཡིན་ནམ
རྣམ་ཤེས་རྩྭ་ཐང་ལ་འཁྱམ་དུས ད་གཟོད་ཁྱོད་ཀྱིས་ཚོར་སྲིད
སེམས་པ་དམར་བོ་ཞིག ཡིག་འབྲུ་ནག་པོ་འགའི་ཁ་ཟས་སུ་བསྒྲིགས་རྗེས
མི་ཚོགས་མང་བོ་ཞིག་ལ་ཆང་ཕོར་འདེགས་དོན
ངའི་སྙིང་རླུང་ལ་ཇེ་འཚང་བཞིན་ཡིན་པས་རེད
འདི་ལྟར་འཚོ་མི་འདོད་པའི་མི་ལ ཁྱོད་ཀྱིས་ནམ་ཡང་བར་ཆད་མ་བྱེད
རྩོམ་ཁུངས། ངེད་དྲ་བ།