ནུབ་མོ་འདིར།
ནུབ་མོ་འདིར་ ངའི་སྙིང་འཕར་དོན་ཅི།
ནུབ་མོ་འདིར་ ངའི་སྙིང་ལ་ལྕགས་གཟེར་བརྡབ་ཀྱི་འདུག
ལྕགས་གཟེར་དེ་ཐལ་མདོག་གི་ལག་པ་མང་པོས་བསྐྱོར་ཡོད་ལ
ལག་པ་མང་པོའི་ཕག་ན་ཕུང་བོའི་ཚོགས་སྣང་རྒྱུ་མི་འདུག
ནུབ་མོ་འདིར་ ངའི་སྙིང་མི་བདེ
སྙིང་ཁམས་འདི་རོ་ལངས་རྒྱག་སའི་སྟེགས་བུ་འདྲ་ཡང་
གློག་འོད་ཀྱི་དྲ་བ་དང་འགྱིག་གི་འཁོར་ལོ་རྒྱུན་མི་ཆད
རེག་རྒྱུ་མེད་པའི་མིག་དང་མཆི་ཏོ་ཚོས་ངར་སྐད་སྒྲོག་གི་འདུག
ནུབ་མོ་འདིར་ ངའི་སྙིང་ལ་དུག་མདའ་ཕོག་འདུག
ངའི་རྒོད་ལ་ཤོར་བའི་བསམ་མནོ་དེ་རི་དྭགས་ཁྱུ་དང་འདྲ་བར
གཟེབ་ཁ་ན་འཕག་འཚག་རྒྱག་བཞིན་མུན་པ་ལ་སྐྱབས་འཇུག་ཞུ
ད་ལྟ་ཉི་རྡུལ་དམར་པོས་མུན་པའང་བདས་ཚར་འདུག
ནུབ་མོ་འདིར་ ངའི་སྙིང་ལ་གས་ཆག་ཤོར་བྱུང་
རྨི་ལྟས་ངན་པ་མངོན་སུམ་དུ་མཐོང་བའི་སྐད་ཅིག་མ་དེར
ང་ལ་མཚར་སྣང་དང་མིག་ཆུ་འཁོར་མི་སྲིད
རྨི་ལམ་དེ་རྨི་ལམ་གཞན་ཞིག་གི་ལྐོག་གཡོས་ཁྲིད་འོང་
ནུབ་མོ་འདིར་ ངས་ཁྱེད་རང་སྙིང་ནས་དྲན
མི་ཡུལ་ནས་སྐྱེས་པའི་ལྷ་མོ་དང་དེའི་འཁོར་འབངས་ཐམས་ཅད
འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་དེའི་དམག་དཔུང་ཡོད་དོ་ཅོག
གངས་ཀྱི་རི་བོ་ལ་ཞུགས་པའི་དགྲ་ལྷ་དང་དེའི་སྲུང་མ་བཅུ་གསུམ
རྩོམ་ཁུངས། ངེད་དྲ་བ།