དངུལ་ལོར་རྫོགས་པ།(སྙན་ཚོམ)
ཁ་བ་འབབ་ཐབས་མི་འདུག
ཁ་བ་སེམས་ལ་འབབ་ཐབས་མི་འདུག
བུ་མོ་འདིའི་ཟུར་མིག་མེ་རུ་འབར་བས
ཁ་བ་སེམས་ལ་འབབ་ཐབས་མི་འདུག
གྲོགས་པོར་སྐྱེལ་མ་ཞུ་བ
ཨ་རག་གློ་བུར་ཚར་རྗེས
བརྩེ་བ་ཚར་ཞིང་སྙན་ངག་ཀྱང་ཚར་ནས
སྨྲ་བ་མེད་པའི་སྤྲང་བོ་གཉིས
ཁ་གཏད་དུ་ལུས་ནས་ཡུན་རིང་འགོར
དངུལ་ལོར་རྫོགས་རྗེས
སྐད་ཅིག་སྐད་ཅིག་ལ་རྒས་ཤིང
རྒས་གཉེར་གྱི་རི་མོ་ཟབ་དྲག་པས
རང་ཉིད་ཀྱི་བྲང་ཁུག་ཇི་བཞིན
སྐབས་འདིའི་སེམས་པ་ཡང་ཧ་ཅང་སྟོང
ངའི་སྒྲོལ་མ
སྒོ་དང་སྒེའུ་ཁུང་དམ་དུ་གཏན་ནས
སེམས་ཀྱི་སྒོ་མོ་དམ་དུ་གཏན་ནས
འཇིག་རྟེན་གྱི་གྲག་འགུལ་རྒྱང་དུ་དེད་མོད
ཁྱེད་གཅིག་པུ་རྒྱང་དུ་འདེད་ཐབས་མི་འདུག
སྙན་ངག་བོར་བ
མེ་འཁོར
པེ་ཅིན་ནས་ལྷ་སར་རྒྱུག་གིན་འདུག
མེ་འཁོར
ལྷ་ས་རྒྱ་སར་ནུར་གྱིན་འདུག
དེ་གཉིས་ཀྱི་བར་ནས
ངས་སྙན་ངག་ཅིག་བོར་ཟིན
རོགས་འགལ་བའི་སྐོར
དྲན་པ་ཙམ་གྱིས
མིག་ཆུ་ཤུར་ཤུར་བྱོ་དོན
ངས་སྙན་ངག་ཅིག་བོར་ཞིང
ངའི་སྙན་ངག་གིས་ཁྱེད་བོར་བས་ལོས་ཡིན
2007-02-28འཇིག་རྟེན་འཛོམས་ཁང
རྩོམ་ཁུངས། ངེད་དྲ་བ།