བྲག་རྡོ་དང་་་་་་་་།
ཉི་ཟླའི་བཞུར་རྒྱུན་དྲག་པོས།
དུས་ཚིགས་ཤིག་ལ་ཚོན་མདོག་སྣུམ་པོ་བྱུགས་པའི་སོ་མཚམས་ནས།
ངའི་འབྱུང་ཁམས་ཀྱི་ལྗོན་རྩེའི་ཁུང་བུ་རེ་རེར།
ལྷིང་འཇགས་མེད་པར་བཙན་ཚུགས་ཀྱིས་འཇབ་འོང་བ་ནི།
མི་ལྟུང་ཕྲེང་ཚོགས་ཀྱི་དབུས་ན། ཟླ་བ་ལྟར་འཕགས་ཤིང༌།
ཆུ་ཀླུང་གྲངས་མེད་ཀྱི་ཀློང་ན། རི་བོ་བཞིན་འགྱིངས་བའི་བྲག་རྡོ།
ནམ་ཟླའི་རླབས་གཉེར་གྱི་ཁྲོད་དུ།
ཁུ་བྱུག་གི་དབྱངས་འགྲོས་བཞིན།
ངས་ཁྱེད་ཀྱི་རང་གཤིས་བཀླགས་ཤིང༌།
ངས་ཁྱེད་ཀྱི་སྙན་ངག་བཏུངས།
ངའི་མིག་རྐོང་ན་མཆོད་སྡོང་བཞིན་འོད་དུ་འཚེར་ལ།
ཁྲག་རྩ་རུ་མཁའ་རླུང་བཞིན་བར་མེད་དུ་རྒྱུ་བའི་བྲག་རྡོ།
ད་དུང༌། ངའི་སྙིང་ཆུང་གི་ལུ་གུའི་འབའ་སྒྲ་རེ་རེས།
བྲག་རྡོའི་འཕེལ་གྲིབ་ཀྱི་ལོ་རྒྱུས་གླེང་བཞིན།
བྲག་རྡོའི་ཐེར་ཟུག་གི་རྡུལ་ཕྲན་རེ་རེ་བཏུས།
ངས་རང་ཉིད་མེ་ལྕེ་བཞིན་སྦར་ལ།
རླུང་བུ་བཞིན་དཀྲུགས།
ན་བུན་སིབ་སིབ་ཀྱི་མཚོ་ངོགས་ན།
བྲག་རྡོ་ནི་སྔར་བཞིན།
འཛུམ་ཤིག་གེར། དགོད་ལྷག་གེར་་་་་་་
བྲག་རྡོ་ལ་སེམས་འགྱུ་མེད་ཀྱང༌། བྲག་རྡོ་ཡིས་མི་སྐད་སྨྲ།
བྲག་རྡོ་ལ་འདུ་ཤེས་མེད་ཀྱང༌། ཁྱེད་ནི་བྲག་རྡོའི་རྣམ་ཤེས་ཡིན།
བྲག་རྡོ་ནི་ངའི་སྙན་ངག་གི་དབང་རྩ་དང༌།
ངའི་སྙན་ངག་ནི་བྲག་རྡོའི་གཏམ་རྒྱུད་ཀྱི་ཟིལ་མངར་རེ་རེ་ཡིན།།
རྩོམ་ཁུངས། ངེད་དྲ་བ།