ཚེ་སྲོག་གི་བཞུར་རྒྱུན།
ཤེས་རིག་ཁ་འབྲས་མཚར་བའི་བྱད་བཞིན་གྱི་རི་མོ།།
ཀུན་གྱིས་གཅེས་ཕྲུག་འབོད་པའི་ན་ཆུང་གི་ནམ་ཟླ།།
ཤ་འཇམ་ཁོ་ལག་མཉེན་པའི་ལང་ཚོ་ཡི་མེ་ཏོག།
གཅིག་གཉིས་དུས་ཀྱི་གཤེད་མའི་ཁ་རླངས་ཀྱིས་བཅོམ་སོང༌།།
མེད་ན་ཐོབ་པར་འདོད་པའི་ཞེ་རྔམ་གྱི་བསླུ་བྲིད།།
ཡོད་ན་བརླག་པར་དོགས་པའི་ཆགས་ཞེན་གྱི་འཁྲི་བ།།
དུག་གསུམ་ཟོ་ཆུན་འཁོར་ལོའི་རྩིབས་མ་ལ་འཁྲིལ་བའི།།
རང་རང་ལས་སྣང་དག་པའི་ཞིང་ཁམས་འདི་ཅི་ཞིག།
རང་ལ་ཇི་ཙམ་ཐོབ་ཀྱང་ལག་སྟོང་གི་སྤྲང་པོ།།
གཞན་ལ་ཅུང་ཟད་རེག་ཀྱང་ཕྲག་དོག་གི་མིག་ཆུ།།
སྐད་ཅིག་དུས་ཀྱི་ཆར་ཡང་མི་དགེ་བར་སློབ་པའི།།
དམྱལ་བའི་གཏིང་རྡོ་འཚོལ་བའི་སློབ་མ་ཡི་ལས་བྲེལ།།རང་རང་འདུན་པ་མི་གཅིག་ཕྱོགས་བཅུ་ཡི་མཚམས་སུ།།
འཕོངས་མགོ་ས་ལ་རེག་པའི་དུས་ཚོད་ཀྱང་མེད་པར།།
གཅིག་རྗེས་གཅིག་གིས་མ་ཆོད་འདུ་འགོད་ལ་བྲེལ་ཡང༌།།
དོན་སྙིང་འདུ་ཤེས་གསུམ་པའི་གནས་ལུགས་ལས་མ་འདས།།ཆུང་དུས་ཕ་མ་གཉིས་ཀྱི་ཤ་ཁྲག་དེ་འཇིབ་སྟེ།།
དར་བབ་རོལ་རྩེད་གཡེངས་བས་རང་མགོ་དེ་སྐོར་ཞིང༌།།
ཅི་ཡང་མི་ནུས་ལག་སྟོང་མི་ཚེ་དེ་རྫོགས་དུས།།
འགྱོད་པའི་གླིང་ལ་འཁྱམས་པ་འཇིག་རྟེན་གྱི་སྐྱོ་ཤས།།ཡར་རྒྱུག་མར་རྒྱུག་རྐང་པར་ཆུ་བུར་རང་ཐོན་ཡང༌།།
ཀུན་ལ་ཕན་པའི་བྱ་གཞག་མོ་གཤམ་གྱི་བུ་མོ།།
བཤད་བཤད་ཉིད་ཀྱིས་ཁ་ལྕེ་རྫོགས་པ་ལ་ཐུག་ཀྱང༌།།
རང་གི་བདེ་སྡུག་ཁོ་ནའི་འབད་ཐབས་ལ་ཐིམ་སོང༌།།ཉིན་མཚན་དུས་ཀྱི་ཁོར་མོར་ཧབ་ཐོབ་ལ་བརྩོན་ཏེ།།
བསག་བསག་གྲུང་གྲུང་བྱས་པས་བང་མཛོད་དེ་ཁེངས་ཀྱང༌།།
རང་རང་ལོངས་སྤྱོད་མི་ནུས་སེར་ན་ཡི་རྒྱལ་པོ།།
འཆི་བདག་ཞགས་པ་ནག་པོ་མགྲིན་པ་ལ་བཏབ་བྱུང༌།།བསམ་ཚད་རང་ལ་དབང་བ་འདོད་ཞེན་གྱི་ཡི་དྭགས།།
ངན་ཚད་གཞན་ལ་འདོད་པ་གནོད་སྦྱིན་གྱི་སྐྱེ་སྲིད།།
ལས་འབྲས་བླང་དོར་ནོགས་པའི་འགྲེ་ལྡོག་གི་མཚམས་ནས།།
མི་ཚེའི་མཐའ་ལ་གཏུག་དུས་འགྱོད་པ་རང་ཕྱིས་སོང༌།།ཆུང་དུས་རྩེད་མོར་གཡེངས་བ་བསམ་མེད་ཀྱི་བྱིས་པ།།
རྒས་དུས་དམར་པོའི་ཁ་ཡི་བྲན་འཁོལ་དུ་རྫོགས་སོང༌།།
གང་ལྟར་ཕྱི་མར་ཕན་པའི་ལམ་རྒྱགས་ནི་མ་གྲུབ།།
མི་ཚེ་འདི་ལྟར་བཞུར་བ་སྲིད་པ་ཡི་གཤིས་ལུགས།། གསར་བྱུང་མདང་བཙས་བུ་ཡིས་ཚན་རྩལ་ནི་མ་སྦྱངས།།
རྟག་ཆད་མཐའ་ལ་ལྷུང་བའི་མཐར་འཛིན་ནི་མ་མོས།།
ཡོད་མིན་མེད་མིན་མཐའ་བྲལ་དབུ་མ་ཡི་ལམ་བཟང༌།།
མ་ནུས་སྐལ་དམན་བདག་གི་མི་ཚེ་ཡི་བཞུར་རྒྱུན།།མ་མཐུན་དག་སྣང་མ་འབྱོངས་ཕྱོགས་རེ་བའི་ཞེན་འཛིན།།
མ་རྟོགས་གདུལ་བྱ་སོ་སོའི་ཁམས་མཐུན་གྱི་ཟབ་ཆོས།།
མ་རྨད་ཐབས་མཁས་ཐུགས་རྗེའི་ཆོས་འཁོར་གྱི་ལམ་བཟང༌།།
མ་བསམས་ཆོས་བརྒྱད་ཞགས་པའི་དཀྱིལ་འཁོར་ལ་ཚུད་སོང༌།།མི་གཤིས་སོ་སོར་འབྱེད་ཁུལ་གནག་སེམས་ནི་མ་ཤེས།།
ཟོལ་བསྟོད་རྒྱན་ལ་སྦྱར་བའི་སྙ་ན་ཚིག་ཀྱང་མ་ལོབས།།
ཆོལ་གསུམ་གང་ལ་གཏོགས་ཀྱང་ལེགས་ཉེས་ནི་མ་རིག།
ནང་དམེའི་རལ་གྲི་གཏུབས་པས་རྒྱལ་བ་རྣམས་དགྱེས་འགྲོ།བསམ་ཚད་དོན་ལ་མ་སྒྲུབ་རྟེན་འབྲེལ་གྱི་གོ་ལུགས།།
ལས་ཚད་ཐོག་ཏུ་མ་ཁེལ་སྲིད་པ་ཡི་བྱ་གཞག།
གནས་ལུགས་འདི་ལྟར་མ་འབྱོངས་ངལ་དུབ་ཀྱིས་གཙེས་ཏེ།།
སྐྲ་ལོ་ཁ་བས་མིད་པ་འཇིག་རྟེན་གྱི་གཏམ་རྒྱུད།།སྐྱིད་སྐྱིད་སྐྱིད་ལ་རེ་བའི་མི་ཚེ་ཡི་རྒྱལ་ས།།
སྡུག་སྡུག་སྡུག་གིས་འཛིན་པའི་ཆོ་ལོ་ལས་མེད་ན།།
དོན་དམ་གཤིས་ལུགས་སྟོང་པའི་བདེ་ཆེན་གྱི་ཞིང་སར།།
ཐོད་རྒལ་ལམ་དུ་ཁྲིད་པའི་དེད་དཔོན་ཞིག་ཨེ་ཡོད།།སྐྱེ་འཆིའི་འཕྲང་ལམ་འགྲིམ་པའི་འགྲུལ་བཞུད་ཀྱི་བུ་རུལ།།
ཟག་མེད་བདེ་ཆེན་འདོད་པའི་ལག་སྟོང་གི་སློང་མོ།།
ཨེ་ཝཾ་ཟུང་དུ་འཇུག་པའི་རྒྱལ་ཐབས་ཤིག་སྐྱོང་ན།།
གཉིས་འཛིན་འཁྲི་བ་གཅོད་པའི་ལྡིང་ཁང་ལ་བྱོན་དང༌།།
སྲིད་པའི་གངས་རི་འཇིག་པའི་རྣམ་རྟོག་གི་ཁུར་པོ།།
རྒྱ་སྲང་ཀུ་ཅོར་འདྲོགས་ཏེ་དོན་མེད་ཀྱི་ངལ་དུབ།།
གཅིག་རྗེས་གཉིས་སུ་སྣང་བ་འཁོར་བ་ཡི་ཆོས་ཉིད།།
འཕྲུལ་སྣང་བཙན་པོས་བསླུས་པའི་གྲུ་ཁ་འདི་མཚར་ཨང༌།།
རྩོམ་ཁུངས། ངེད་དྲ་བ།