དཀར་བོ་དངུལ།
ཁོ་མོའི་མདུན་གྱི་མཛེས་ཉམས་དེ་ལ་ཧད་ནས་ཡུན་རིང་ཞིག་འགོར་རྗེས
ང་ལ་སླར་ཡང་མེ་ཏོག་གི་ཚལ་ན་གང་བུ་ཞིག་ཡོད་པ་ཡིད་ལ་ཤར
གནའ་སྔ་མོའི་གཙང་བོ་དེ་ནི་ད་ལྟ་བདག་གི་མདུན་གྱི་ཆུ་ཕྲན་དེ་དང
སྔོན་ཆད་མེ་ལོང་བྱས་མྱོང་བའི་དྭངས་གཙང་གི་རྦབ་ཆུའི་ཟེགས་མ
དེང་སང་གི་འཕྲུལ་ཆས་དེ་དག་གི་སོ་བར་ན་བཞུར་བའི་ལུད་རྫས་དེ་ཡིན་ན
ངས་ཀྱང་གནའ་གཏམ་བཤད་པ་ལྷ་ཡུལ་རེད་འདོད་པ་ཅི་ཁག
རང་བྱུང་ཁམས་ཀྱི་ཟུངས་ཁྲག་གི་དྭངས་མ་ཟད་ནས་མདངས་ཤོར་ཚུལ་དང
བྱེ་ཐང་གི་རྒྱ་ཁྱོན་སའི་གོ་ལའི་ཕྱེད་ཀ་ཡིན་པ་མཐོང་རྗེས་ངས་ཚོད་ཚོད་ལ་སྔངས་འདར་ཞིག་བྱས
དེ་ནི་རྒྱ་མཚོའི་ཕ་རོལ་དང་ཤམ་བྷ་ལའི་ཞིང་ཁམས་ལ་སེམས་པ་ཤོར་ཚུལ
དེ་ནི་འདམ་སྐྱེས་པད་མ་ལ་སུ་ཞིག་གིས་བཙན་གཡེམ་བྱེད་ཚུལ
བདག་གི་མིག་ཆུ་ལ་ཁ་དོག་དང་ངུ་ངག་གང་ཡང་མེད་པར་འདི་ལྟར་ལྷུང་སོང
འོན་ཀྱང་གླུ་དབྱངས་ཤིག་ལེན་པ་ལ་གར་སྟེགས་གང་ཡང་མི་དགོས་པར
ང་ཚོས་རང་རང་གི་འདོད་མོས་ལྟར་མཁར་ཡུལ་དེ་ནས་སྐད་མདངས་དམའ་མོ་རླུང་བུ་ལ་སྡེབ
ས་ཆེན་གྱི་པང་ཁུག་ན་འོད་ལམ་ལམ་ང་ལ་འཐབ་མཁན་ནི་གོར་མོ་རྡོ་སྟེ
པོ་ཏ་ལའི་རི་རྩེ་ནས་མར་དབབ་རྡོ་འདྲིལ་ཐེངས་རེ་རེའི་ན་ཟུག་གི་མཁུན་སྒྲ
ཅིས་ཀྱང་འཇགས་ཐབས་མི་འདུག
ཁྱོད་ཀྱིས་བདག་ལ་རྒྱང་མཐོང་གིས་བལྟས་ཡོད་པས་ཡིན་ནམ
ཡང་ན་བདག་གི་གྲོང་ཁྱེར་ལ་ཕོ་ཉ་མངག་ཡོད་པས་ཡིན
རྩྭ་ཐང་གི་ཉི་མ་རི་རྩེ་ནས་ཁ་དོག་གི་འོད་མདངས་ཡལ་བར་ཉེ་སྐབས
འབྲོང་རྒོད་ཅིག་གི་ངུར་སྒྲ་ནི་ཟོག་ཁྱུ་དེ་ལྷས་རར་འཁོར་བྱེད་ཡིན་ན
བདག་གི་ཀི་སྒྲ་ལ་བྲག་ཅ་ཁོ་ན་ལས་མེ་ཏོག་གི་མཛེས་པ་ལྟ་བུའི
དྲི་བསུང་གི་འགུག་ཤུགས་ཤིག་གང་ན་ཡོད་ཀྱང
ང་ཡང་འཇིག་རྟེན་འདིར་མགྲོན་ལ་ཡོང་བ་ནས་བཟུང་ཁྱོད་ནི་ང་ལ་མི་བྲལ་ཞིང
ང་ཡང་ཁྱོད་དང་གྱེས་པ་ནི་སྡུག་བསྔལ་ཅིག་དང་རྨ་ཁ་ཞིག་རེད་བསམ་ཡོད
འོན་ཀྱང་རྒྱང་རིང་བའི་ཁྱོད་ཀྱི་ཞལ་རས་ནི་བདག་གི་སེམས་པའི་དམར་ས་ན
ནམ་ཡང་ང་ཡི་སྙིང་སྡུག་ལ་སྒོམ་ནས་རེ་སྒུག་ངང་ཉིན་མཚན་སྐྱེལ་ཀྱིན་ཡོད་ལ
མཚམས་ལན་རེར་རྨི་ལམ་ནང་ཡང་ཡང་མཇལ་བ་དེ་གཏན་དུ་བརྗེད་པ་མི་སྲིད
ཀྱེ་ཀྱེ འཇིག་རྟེན་འདི་ཆེས་ལྷིང་འཇགས་སུ་གནས་ཤིག
ང་ལ་རང་བྱུང་གི་མཆོད་མེའི་དྲོད་ཁོལ་མཁོ་ལ མེ་ལྕེབས་ཀྱི་ཚེ་སྲོག་ཀྱང་མཁོ
ད་དུང་དེ་མིན་པའི་འཚོ་གཞིས་བྱེད་པ་མཐའ་དག་གི
ཆེས་སྙིང་རྗེ་བའི་ས་འབུ་ནག་རིང་གི་དམར་རྗེན་དུ་བུད་པའི་ལུས་པོ
འདི་དག་ང་གསོན་པར་བྱེད་པའི་འབྱུང་བ་ལྔའི་ཆ་ཤས་མིན་ཡང
འདི་དག་ང་ཡི་མིག་ལམ་གྱི་གངས་རི་དང་རྩྭ་ཐང་མིན་རུང
འདི་དག་ཀྱང་ང་ཡི་ཚེ་སྲོག་བཞིན་ཚེ་སྲོག་ཅིག་ཅི་ལ་མིན
རླུང་བུ་ཞི་འཇགས་སུ་སོང་ནས་ཆེས་ཡང་བ་དེ་དག་མ་ཁུར་ན
སེམས་པ་རོལ་དབྱངས་ཤིག་གི་ཕ་རོལ་བརྒལ་བ་ནི་ཡོད་སྲིད་ཀྱང
གད་སྙིགས་སུ་འགྱུར་ཀྱིན་པའི་ནད་ཡམས་དེ་ནམ་ཟླའི་དྲོ་འཁྱག་ལྟར་བབས་བྱུང
རྩྭ་ཕྱགས་ཀྱིས་གད་དར་བྱས་པ་ཐེངས་གཅིག་ག་ལ་ཡིན་རུང
ས་རྡུལ་གྱིས་ང་ཚོའི་གོ་ལ་དང་མཁའ་དབྱིངས་ཀྱི་ལྗོངས་ལ་ཕོ་བྲང་ཅིག་བཞེང་གིན་འདུག
ཡིད་སྤྲོ་བ་ཞིག་ལ་ཉི་མ་ནི་སྔར་ལྟར་ཤར་རིའི་རྩེ་ནས་འཕག་དུས
བསང་མེ་སྟུག་པོ་ཞིག་དང་ཀི་སྒྲ་སྙན་མོ་ཞིག་གཡས་སྐོར་གྱི་ཚུལ་དུ་གྲགས་ཡོང
འོན་ཀྱང་དོར་མ་གྱོན་མེད་པའི་སྲོག་ཆགས་དེ་དག་གཅིག་རྗེས་གཉིས་མཐུད་དུ
མེ་ལོང་ངོས་སུ་རང་གཅིག་པུ་མཛེས་པར་བཅོས་ནས་མི་ཚོགས་སུ
འཆམ་འཆམ་དུ་འགྲོ་བ་ནི་དགོད་སྤྲོ་བ་ཞིག་ཡིན་ན་ཡང
ནམ་གུང་གི་སྐར་མདའ་ཡལ་བ་ལ་སུས་ཀྱང་སྣང་འཇོག་བྱས་མི་འདུག
ཁྱོད་ཁོ་ན་ལ་ཁག་དཀྲི་དང་འཁང་ར་ཅི་ཡང་མེད ཅི་ཡང་མེད
གླིང་བུ་ཞིག་ལག་ཏུ་བཟུང་ནས་རོལ་མོ་ཤིག་འཚོལ་འདོད་ཀྱི
གན་ཀྱལ་དུ་སྡོད་པ་ནི་དུས་ཚོད་མི་མཁོ་བའི་སློང་མོ་བ་ཞིག་གི་ངང་ཚུལ་ཡིན་ཡང
ང་གཏན་དུ་ཡིད་ཆེས་འོས་པ་ཞིག་ནི་ངས་ཁྱོད་ལ་ཉེས་བཅོས་སོགས་གང་ཡང་མི་བྱ
ཁྱོད་ཀྱི་འདབ་མ་དང་རྩ་བ་ལ་སྐྱེ་སྟོབས་རྒྱས་པར་མཛོད་ཅིག
རི་ལུང་ཀུན་དུ་བདག་གི་རྐང་རྗེས་གང་ཡང་དཔར་མེད་པ་རྫུན་དུ་འགྲོ་ཡང
ང་ད་དུང་རྐང་རྗེན་དུ་བུད་ནས་བྱིས་དུས་ཀྱི་རྩེད་ར་ན་དགོད་པ་ནི
ཧ་ཅང་གི་སྐྱིད་པའི་ཉིན་མ་རོལ་སྟངས་ཤིག་དང་ནས་ཆང་འཐུང་ཧུབ་གང་གི་སྐྱོ་བ་སེལ་ཚུལ
ཉིན་ཐོའི་ཤོག་ལྷེ་གཅིག་གི་སྟེང་དུ་བྲིས་པའི་རང་ཉིད་ཁོ་ནའི་གསང་ཚིག་ཀྱང
ད་ལྟ་མེ་འབར་བའི་ལྕགས་ཐབ་དེའི་འབུད་ཤིང་དང་མེ་ཁ་གསོ་སྤྱད
ཡིན་ན་ཡང་ངས་སུ་ལའང་མ་བཤད་པའི་སེམས་ཀྱི་སྐད་ཆ་གསོན་པོ
བདག་གི་རྣམ་ཤེས་ཀྱིས་མཁའ་དབྱིངས་སུ་འཁུར་སྲིད་པ་སྨོས་མ་དགོས་ལ
སྐབས་དེར་ཁྱོད་ཀྱི་ལག་ཟུང་སྔར་བཞིན་བདག་གི་བྲང་གཞུང་ལ་བཙུགས་ཡོད་དམ
དེ་ནི་དཔེ་མི་སྲིད་ལ་ངས་ཆར་ཟིམ་དེའི་ཁྲོད་ནས་ཁྱོད་ལ་གྱེས་བྲལ་བརྗོད་ཀྱང
ནམ་ཞིག་སླར་ཡང་ངེད་གཉིས་་དྭངས་གཙང་གི་སྒོ་ནས་མཉམ་འཛོམས་བྱུང་ན
བདག་གི་འཇིག་རྟེན་ནི་ཁྱོད་ཀྱི་ལོངས་སུ་སྤྱོད་པའི་སྤང་ལྗོངས་དེ་ག་ལ་ཡིན
དེ་དུས་རི་ལུང་ནི་སྲིན་འབུས་མ་ཟོས་པའི་ཀུ་ཤི་དམར་མདངས་ཅན་ཞིག
ཡང་ན་བདག་གིས་བདག་ལ་སྙན་ངག་ཅིག་བྲིས་པའི་རང་བྱུང་ཁམས
རང་བྱུང་ཁམས་ད་ལྟ་བདག་གི་སྐྱེད་ཚལ་ཅིག་ཡིན་ནམ
ང་ལ་ཚེར་མ་ཡིན་པའི་ལོ་མ་ཞིག་ཆུ་འགྲམ་དུ་སྐྱེ་རོགས
དུས་ད་ལྟའི་ནམ་གཤིས་དང་སྤྲིན་པ་ལ་ལེབ་མོ་ཞིག་གི་འདུ་འཛི་འཇགས་ཚུལ
དཀར་པོ ཡ་ཁོག་གི་སྙིང་གསོན་པོ་དྲོ་བར་བྱེད་པའི་ང་ཡི་ཚེ་སྲོག
དཀར་པོ ཞི་ཞིང་བདེ་བའི་གོ་ལ་འདིའི་ངོ་གདོང་གི་འཛུམ་མདངས
དཀར་པོ འཚོ་ཞིང་གནས་པ་མཐའ་དག་གི་སྤྲོ་སྐྱིད་ལེ་ཚན
དཀར་པོ དཀར་པོ དཀར་པོ དངུལ་དཀར་པོ
སྤྱི་ལོ༢༠༠༩ལོའི་ཟླ༥ཚེས༢༠ཉིན་རྫོགས་སོ།
རྩོམ་ཁུངས། ངེད་དྲ་བ།