སུ་ཞིག་ང་ཡི་གྲོགས་པོ་ཡིན།
ལག་པ་གནམ་ལ་གཡུགས་ནས
ངས་རང་གི་གྲོགས་པོ་དེ་ཚོ་འཚོལ་གྱིན་ཡོད
སུ་ཞིག་ང་ཡི་གྲོགས་པོ་ཡིན་ན
སེམས་པའི་ལག་པ་ང་ལ་སྲོངས་ཤིག
སུ་ཞིག་ང་ཡི་གྲོགས་པོ་ཡིན་ན
ལག་པ་ཡར་ལ་བཀྱགས་ནས་ང་ལ་བརྡ་ཞིག་སྟོན་རོགས
མཚན་མོ་ཁོ་ནས མུན་ནག་གི་སྲས་མོ་རུམ་ལ
བདག་གི་འོད་ཟེར་དེ་གར་ཡོད་དམ་པོར་གསང་འདུག
ཁྱོད་ཚོ་གང་དུ་ཡོད
ངའི་སྙིང་ཉེ་བའི་གྲོགས་པོ
ཁོ་བོའི་ཁང་གཞིས་ཆུང་ཆུང་དེ་རུ་འཚང་ནས
ཇ་ཆང་ལ་རོལ་བ་དྲན་ནམ
ཆུང་མའི་ལག་ཟས་ལ་སྤྱད་པ་དྲན་ནམ
ཁྱོད་ཚོས་ད་དུང དུད་ཆང་བག་མེད་དུ་རེག་པའི་མཆུ་སྒྲོས་དེ
ངའི་བུ་ཆུང་གི་འོ་ཞོ་ལྟ་བུའི་འཇམ་ཤ་ལ་སྦྱར་བ་དྲན་ནམ
སུ་ཞིག་ང་ཡི་གྲོགས་པོ་ཡིན་ན
ང་ལ་གཞས་ཤིག་སྐུར་ཅིག
གནམ་སྔོན་པོའི་ཁ་ཞེང་དྭངས་པའི
ཐང་ཆེན་པོའི་མུ་མཐའ་རིག་པའི
འདང་ཞེ་བརྩེའི་རི་མོ་གསལ་བའི
གཞས་ཤིག སྙན་ངག་ཅིག
ཡང་ན རྨི་ལམ་ཞིག
སྙན་ངག་འོ་མ་ལས་སྐྱེས
གཡག་ཤ་ལས་སྐྱེས
སེམས་ལས་འཁྲུངས
དུས་ཚོད་ཀྱི་འོད་དང་མུན་པ་ལས
ད་ལྟ་ང་རང་མུན་པ་དང་ཁ་ཐག་ཉེ་རུ་ཉེ་རུ་འགྲོ
མུན་ནག་གི་འཕྱོར་གོས་མཛེས་པོའི་ཁུད་དུ
ངས་ཡུན་རིང་ཡུན་རིང་ལ་ངལ་གསོ་བྱ་འདོད་ཡོད
གལ་ཏེ ཁྱོད་རང་འཐད་པ་མིན་ཚེ
ང་ཡི་མིང་གིས་འབོད་རོགས
རང་སེམས་ལག་པས་བསྐྱོར་ཏེ
ངས་རང་ཉིད་ལ་དཀའ་ལས་མྱང་སོང་ཞེས་བཤད
ཡང་སེམས་པའི་རྣ་རྩར་བདག་ནི་ཁྱེད་ལ་དགའ་འོ་ཞེས་ཀྱང་བཤད
གྲོགས་པོ་ལགས ང་ཁྱོད་ལའང་ཧ་ཅང་དགའ་འོ
༢༠༠༨.༩.༢༢
རྩོམ་ཁུངས། ངེད་དྲ་བ།