སྟོན་ཁའམ་གྲོགས་པོར་བསྐུར་བའི་འཕྲིན།
ཆང་ཁ་གང་ཞིག་ནས་འཕྲད་མྱོང
ཁྱོད་ལ གྲོགས་པོ་ལགས
འཆི་བར་བཅར་བ་བཞིན
ང་རང ཁྱོད་ལའང་ཉེ་བར་འདོད་དེ
ཤ་ཡི་གསེང་དང་རུས་པའི་རྐང་གི་ཐ་སྙད
འཕྲད་ན་མེ་སྟག་འཁྱུག་ལ འོ་མའང་བཞུར་བའི
ཁྱོད་ཀྱི་སྐད་ཆ་དང་མ་འཐབ་ཡུན་རིང་འགོར
སྙན་ངག་གི་གྲི་ཁར་ཚེ་སྲོག་བརྡར་མཁན་གྱི་རྒྱལ་སྲས
འབྱོར་བའི་འདམ་དུ་སྨྲེ་ངག་འབྱིན་པའི་སྤྲང་བོ
ཁྱོད་ལ ང་རང་ཧ་ཅང་དགའ
དེ་ནི་ང་རང་ཉིད་ལ་དགའ་བས་ཀྱང་ངོ
ཆར་བ་ཟམ་ཟིམ་འོག ལྷོད་ཤིག་གེར་ཡོད་པའི་འབྲུ་ཞིང
ཁྱོད་ནི་མིའི་རིགས་ཀྱི་གཉེན་ཉེ ཁྱོད་ཀྱི་ཐན་པ་ནི་
མིའི་རིགས་ཀྱི་སྲོག་རྩ་དང་སྦྲེལ་ཡོད ངས
ཁྱོད་ལས་གཞན་ཞིགལའང སྲོག་གི་མདུད་པ་བཏབ་ཡོད་དེ
ཤ་དང་འོ་མ དེ་སྦྱིན་མཁན་གྱི་ནོར་ལུག་ཕོ་མོ
ངས་འདི་ཚང་མར་བཀའ་དྲིན་ཞུ
སྙན་ངག་པས འདི་ཚང་མར་བཀའ་དྲིན་ཞུ་འོས
སྙན་ངག་པའི་ཚེ་སྲོག་ནི
ཨ་ཕས་མཉེས་པའི་འབྲེང་བ་དང་མི་འདྲ
ཨ་མས་འཁལ་བའི་རྩིད་སྐུད་དང་མི་འདྲ
དེ་ནི་མཐོང་དུ་མེད་ལ རེག་ཏུའང་མེད
དེ་ནི་རིང་ཡང་རིང་ལ ཐུང་ཡང་ཐུང
ཆད་སླ་བར་སྙམ་ནའང་ འཆད་དཀའ་བ་འདྲ
དེ་ལ་སྒྲ་ཞིག་ཡོད་ཚེ ཁྱོད་ཁོ་ནས་ཐོས་སྲིད
དུས་ནམ་ཞིག་ནས
ངས་སྙན་ངག་དྲན་ལ གྲོགས་པོ་དྲན་བྱུང
ཁལ་ཞིག་ཡིན་ན དེ་གཉི་ཀ་ཡང་ལྗིད་མེད་པར་དྲན
སྙན་ངག་མི་དྲན་ལ འཆི་བའང་མི་དྲན་པའི་དུས་ཤིག་ལ
སེམས་པ་སྐྱོ་བཞིན་སྐྱོ་བཞིན
དབང་མེད་དུ་དམྱལ་བའི་གྲམ་ཐང་འགྲིམ་འགྲོ་སྙམ་ན
ཚོར་བས་བཟོད་པར་དཀའ གྲོགས་པོ
ངས་སྙན་ངག་མི་གཏོང གྲོགས་པོ་མི་བསླུ
སྙན་ངག་དང་མཉམ་དུ་འཆི་བ་ནི་གཟི་བརྗིད་ཅིག
གྲོགས་པོ་དང་མཉམ་དུ་འཚོ་བ་ནི་བདེ་སྐྱིད་ཅིག
ངས་དེ་ལྟར་འདོད ངས་དེ་ལྟར་འདོད་ཡོད
གྲོགས་པོ སྙན་ངག་ལྟ་བུའི་གྲོགས་པོ
ཁྱོད་ཀྱིས་ཚོར་བྱུང་ངམ
འདི་དག་ཁྱོད་ཀྱིས་ཚོར་བྱུང་ངམ
གཅིག་བྱས་ན ངས་སྙན་ངག་འདི་འབྲི་དུས
ཁྱོད་ཀྱིས་ཀྱང་སྙན་ངག་ཅིག་འབྲི་བཞིན་ཡོད་ངེས
གང་ལྟར ངས་ཁྱོད་ཀྱི་སྙན་ངག་རེ་ཀློག་རྒྱུར་སྒུག་ཡོད
༢༠༠༨.༡༠.༢༧སྲོད་ལ་དཔལ་རྩལ་གྱི་མཐའ་བ་ནས།
རྩོམ་ཁུངས། ངེད་དྲ་བ།