རླུང་།
མཛུབ་སྣེར་ཐོགས་པའི་ས་རྡུལ
མིག་སྦྲིད་བྱེད་ཀྱི་བྱེ་མ་དམ་བུ་གང
རྩྭ་ཕྲན སྡོང་ལོ
གསའ་གསེང་ཐམས་ཅད་ནས་འཇབ་འོངས
གཏིང་དུ་ཉལ་བའི་རྡོ་བ་ལེབ་མོའི་ཁ་རླངས
བར་སྣང་གི་ལྷས་རར་བསྐྱིལ་བའི་ནོར་ལུག
ལུད་དང་བཤིག་གུར་བཏགས
སྦྲ་ནག་གི་ཆོན་སྣེར་དཔྱངས་པའི་ཐ་གུ
སྒོ་ཁྱིའི་མགུལ་བར་ཕོག་པའི་སྐེ་སྡོམ
ཚལ་བར་གས་པའི་སྙེ་མའི་གང་བུ
བརྙན་ཤེལ་དུ་སྣང་བའི་མུན་པ་སྟུག་པོར་གྱུར
དཔེ་ཆའི་ཉིན་སྲུབ་ཏུ་བགོས་པའི་ཚིལ་དྲེགས
བྱང་ཐང་གི་ཤེའུ་འདུར་བའི་རྐང་ལམ
སེམས་པར་བབས་པའི་རོལ་མོ་བའི་ཁྱུ
དབྱངས་འགྲོས་དང་ལྷན་དུ་འཕུར་བའི་ཤོག་སྐྱ་ལེབ་མོ
འོབས་ཆེན་ལས་ཟགས་པའི་ཟེགས་མ་ཁ་ཤས
རྐང་རྡུལ་བཙོས་པའི་ཁུ་བ་ཁམས་སེར
སླ་ངའི་ནང་ཁོལ་དུ་འཁྱིལ་བའི་ཀུ་ཤུ་དམར་བོ
ལྗན་ལྗིན་དུ་དཔར་པའི་རྗེས་ཤུལ
རྣག་ཐུམ་འགས་པའི་མྱགས་རོ
མེ་ཏོག་གི་འདབ་མ་རེ་རེར་བྱུགས
མཚན་མོའི་རྨི་ལམ་དུ་བསྙལ་བའི་ནས་ཆང
ལག་ཟུང་ལས་རྒྱང་ཐག་བཀྱེད
ལྗོན་པར་འཁྲིལ་བའི་ཕྱེ་མ་ལེབ
ཕྱི་ནང་ཁྱད་མེད་ཀྱི་རི་མོ་རེ་རེ
ཕྱགས་འགྲོ་བའི་རླུང་གི་དཀྱིལ་འཁོར
ནང་མའི་ཟུར་ངོས་ནས་འཐོར་བའི་ཆུ་ཐིགས
བྲག་རྡོར་བརྡབས་པའི་ཕུར་བའི་ཚོགས
བྲང་གཞུང་ནས་ག་ལེར་འཛུམ་པའི་བུ་མོའི་ནང་ཁྲོལ
རུལ་སོང་བའི་དྲི་ངན་གྱི་ཁ་ཞགས
མེས་པོར་བཏགས་པའི་རྣ་ཚར་གྱི་མཚམས་སུ་མཆེད
རི་མོ་འདྲ་བའི་ཡིག་འབྲུ
རྣོ་ལྕགས་ཀྱི་ཐབ་ཚང་དུ་འཕོས
༢༠༠༩ ༤ ༢༠ཉིན་ལན་གྲུ་གྲོང་ཁྱེར་དུ་བྲིས།
རྩོམ་ཁུངས། ངེད་དྲ་བ།