བཟོད་སྒོམ་བྱེད་མི་ནུས།
ངས་ཐོ་རེངས་ཁའི་བོང་བུའི་སྐད་ཅོར་ལ་བཟོད་བསྲན་བྱས་ཆོག
བྱ་ཕོ་མལ་ལས་མ་ལྡངས་གོང་གི་མུན་ནག་གི་སྨྱོ་འབོག་ལ་བཟོད་བསྲན་བྱས་ཆོག
ངས་ལག་བསྐོར་འཐག་རྡོ་ལས་ཉིལ་བའི་རྡུལ་ཕྲན་གྱི་བསམ་བློ་ལ་བཟོད་སྒོམ་བྱས་ཆོག
ངས་ཡིད་དུ་མི་འོང་བ་ཡོད་ཚད་ཀྱི་སྨེ་སྔགས་ལ་བཟོད་སྒོམ་བྱས་ཆོག
ངས་ཞོགས་པའི་གངས་ཁྲོད་དུ་གཅིན་པ་གཏོང་བ་ལ་བཟོད་བསྲན་བྱས་ཆོག
སྦྲ་འདབས་ཀྱི་བདག་པོ་མི་བརྩི་བའི་ཁྱི་སྨྱོན་ལ་བཟོད་བསྲན་བྱས་ཆོག
ངས་རྟག་པར་དབྱུག་ཐུང་ལག་ཏུ་བཅངས་པའི་དགེ་རྒན་དེར་བཟོད་སྒོམ་བྱས་ཆོག
ངས་མ་ཤེས་ལུང་བསྟན་ཀུན་ལ་སྒྲོགས་པའི་ལྷ་བ་དེར་བཟོད་སྒོམ་བྱས་ཆོག
ཡིན་ནའང ངས་ནེ་ཙོ་ཡིས་མ་ཎི་འདོན་པར་བཟོད་བསྲན་བྱེད་མི་ནུས
ངས་ཁྭ་ཏ་ཡིས་ཁྲེལ་གད་དགོད་པར་བཟོད་བསྲན་བྱེད་མི་ནུས
ངས་འགྲམ་པ་དང་དཔྲལ་བ་ངེས་མེད་དུ་སེན་རྗེས་འགོད་པའི
ཡིད་མེར་བའི སྦྲང་ཐལ་དེར་བཟོད་སྒོམ་བྱེད་མི་ནུས
ངས་སྐྱུང་ཀའི་གླེན་ཚུགས་དང་གླག་མོའི་རྔམ་སྟབས་ལ་བཟོད་བསྲན་བྱས་ཆོག
ཡིན་ནའང ངས་བར་སྣང་དུ་སྦྲང་བུའི་གཤོག་སྒྲ་འབྱིན་པར་བཟོད་སྒོམ་བྱེད་མི་ནུས
ངས་འོ་དུག་ཕོག་པའི་བསམ་མེད་ཀྱི་བྱིས་པ་ཚོར་བཟོད་བསྲན་བྱས་ཆོག
ཡིན་ནའང ངས་ཀླད་དུག་ཕོག་པའི་ཆོས་མེད་ཀྱི་བགྲེས་པོ་ཚོར་བཟོད་སྒོམ་བྱེད་མི་ནུས
ངས་རྒྱབ་འགལ་དུ་གྱུར་བའི་ཆུང་མ་དང་ངོ་ལོག་པའི་གྲོགས་པོ་ལ་བཟོད་བསྲན་བྱས་ཆོག
ངས་ཡིག་འབྲུ་གང་ལའང་མི་གཏོགས་པའི་མིག་ཆུ་ཡི་ན་ཟུག་ལ་བཟོད་བསྲན་བྱས་ཆོག
ཡིན་ནའང ངས་མི་ཡི་ཚུལ་འཆོས་དང་ཆུ་ཡི་གཡོ་འཕྲུལ་ལ་བཟོད་སྒོམ་བྱེད་མི་ནུས
རྩེ་འཕྲུལ་ཁོ་ནས་གློག་འཁྱུག་པའི་སྤྲིན་གྱི་སྟོང་སྒྲ་ལ་བཟོད་སྒོམ་བྱེད་མི་ནུས
ངས་རང་ཉིད་དང་ཁྱེད་ཀྱི་ན་ཟུག་མེད་པའི་རིམས་ནད་ལ་བཟོད་བསྲན་བྱས་ཆོག
འཇིགས་ཉེན་དང་སྨན་གྱི་ནུས་པ་མེད་པའི་དུས་རབས་ལ་བཟོད་བསྲན་བྱས་ཆོག
ཡིན་ནའང ངས་སུ་ཞིག་འདས་རྗེས་ཀྱི་ལྐོག་ལབ་ལ་བཟོད་སྒོམ་བྱེད་མི་ནུས
སྙན་ངག་འདི་བྲིས་ཚར་རྗེས་ཀྱི་ཁེར་རྐྱང་གི་ལྷིང་འཇགས་ལ་བཟོད་སྒོམ་བྱེད་མི་ནུས
རྩོམ་ཁུངས། ངེད་དྲ་བ།