སར་ལྷུང་བའི་ཀུ་ཤུ།
ལྷོ་ནས་ཆད་པའི་སྤྲིན་པ་ཞིག།
ཆར་ཆུ་སྦྲུམ་པའི་རླུང་བུ་ཞིག།
གདོང་ལ་རེག་པའི་ཚོར་བ་ཞིག།
ད་དུང་སེམས་ནས་མི་བརྗེད་གི།
གཡུ་ལོའི་འོག་གི་གྲིབ་བསིལ་ཞིག།
དྲོ་གྲང་རན་པའི་ཚོར་བ་ཞིག།
གསོན་ཤུགས་བརྟས་པའི་སྤྲོ་བ་ཞིག།
ད་ནི་མིག་གིས་མི་མཐོང་གི།
ཉི་མས་གདུང་བའི་ཟུག་གཟེར་ཞིག།
གཅིག་པུར་ལུས་པའི་དངན་པ་ཞིག།
ཕ་གཞིས་དྲན་པའི་སྐྱོ་བ་ཞིག།
ཉམ་ཆུང་ལུས་པོས་མི་ཐེག་གི།
ཨེ་གསོན་འདོད་པའི་རེ་བ་ཞིག།
ཨེ་འཆི་སྙམ་པའི་འཇིགས་པ་ཞིག།
འདི་ཕྱི་གཉིས་ཀྱི་སོ་མཚམས་ན། །
བདག་པོ་མེད་པའི་ཀུ་ཤུ་ཞིག།
རྩོམ་ཁུངས། ངེད་དྲ་བ།