སྐལ་སྒྲོལ་བཞོ་དབྱངས་ལ་ཆེད་འཕྲིན།
རང་རིགས་འདུ་འཛོམས་ཀྱི་དོ་ར།།
བོད་ཡིག་ཟིན་བྲིས་ཀྱི་གསེང་ནས།།
སྐལ་བཟང་སྒྲོལ་མ་ཡི་བཞོ་དབྱངས།།
ཁྲ་ཆུང་མིག་མདུན་དུ་མངོན་བྱུང་།།
རྗོད་བྱེད་ཚིག་འགྲོས་ནི་ལེགས་ཤིང་།།
བརྗོད་བྱའི་དོན་སྙིང་ཡང་གཏིང་ཟབ།།
རྣམ་དཔྱོད་ལང་ཚོ་མཆོག་རྒྱས་པས།།
སྨན་ཤར་བུ་མོ་ཚོའི་རྒྱན་རེད།།
ཤེས་ཡོན་གཞི་རྩ་དེ་བརྟན་པས།།
ཡི་གེའི་དག་སྡེབ་སོགས་འགྲིག་ཅིང་།།
སྐབས་འབྲེལ་དོན་གནད་རང་འབྱིན་པའི།།
རྩོམ་འབྲིའི་ཁྱད་ཆོས་ནི་འབྱོར་འདུག །
གོ་སྟོབས་ངར་མ་ནི་ཁྱེད་ལྡན།།
ལ་རྒྱའི་སྤོབས་སེམས་དེ་ཁྱེད་འདུག །
སྣ་ཚོགས་གཟིགས་རྒྱང་དེ་ཁྱེད་ལྡན།།
མི་རིགས་ཞེན་ཁོག་ཀྱང་ཁྱེད་མངའ།།
སྐལ་སྒྲོལ་ངོ་སྤྲོད་ཀྱི་འཕྲིན་ཆུང་།།
སྐལ་སྒྲོལ་བཞོ་དབྱངས་ནང་མཐོང་དུས།།
སྐལ་སྒྲོལ་རོབ་རྟོགས་དང་ལྷན་དུ།།
ཁྱེད་ལ་གདུང་སེམས་ཤིག་སྐྱེས་བྱུང་།།
མི་འདོད་རྐྱེན་དབང་ལ་བརྟེན་ནས།།
རྩ་ཆེའི་སློབ་སྐལ་ནི་ཆད་ཀྱང་།།
ཞུམ་མེད་སྙིང་སྟོབས་རང་བཟུང་ནས།།
རྩོམ་པའི་ལས་གཉེར་དེ་ངོ་མཚར།།
སྨན་ཤར་སྐལ་བཟང་གི་སྒྲོལ་མ།།
ཁ་བའི་ལས་དབང་དེ་བསམ་བཞིན།།
གསེར་ལྟའི་རྣམ་དཔྱོད་ཀྱི་རྩལ་སྤྲུགས།།
རྩོམ་པའི་ལས་བཟང་གི་རྒྱུན་སྐྱོངས།།
སྙན་འཇེབས་བཞོ་དབྱངས་ཀྱི་ཁོར་ཡུག །
རྒྱ་བསྐྱེད་ཀུན་ཁྱབ་ཅིག་དགོངས་ན།།
བོད་རིགས་སྤུན་ཟླ་རྣམས་འདུ་གནས།།
ཧི་གཟུགས་ཟིན་བྲིས་སུ་ཕེབས་གནང་།།
གངས་རིའི་རང་མདངས་དེ་སྟོན་ཆོག །
བདེན་འབྲེལ་ལོ་རྒྱུས་ནི་བརྗོད་ཆོག །
ཕན་ཚུན་རྒྱུས་ལོན་དེ་བྱེད་ཆོག །
ཤར་ནུབ་ལྟ་གྲུབ་ཀྱང་གླེང་ཆོག །
རྩོམ་ཁུངས། ངེད་དྲ་བ།