ང་ཡི་ཕ་ཡུལ།
འཁོར་བ་བཞིན་འཁོར་བའི་རྩེ་མོ་ནས
རང་ལུས་འདི་སྡོད་དབང་དྲན་དབང་མེད་པར
ཤིང་བལ་བཞིན་རླུང་གིས་བསྐྱོད་དུས་
ནམ་རྒྱུན་མེ་ཏོག་དང་ལུག་ཁྱུའི་བསྐོར་བའི་ཕ་ཡུལ་དྲན་བྱུང་
ཕ་ཡུལ་གྱི་ཨ་མ་དྲན་བྱུང་ སྒྲོལ་མ་ཚོ་ཡང་རེ་རེ་བཞིན་སེམས་སུ་ཟུག་འོངས
སྤྲིན་དཀར་དང་ཆུ་ཕྲན་གྱི་དབྱངས་སྙན་བཞུར་བའི་ཕ་ཡུལ་ན
མ་ནེའི་རྡོ་འབུམ་གྱི་ཚོགས་ལ་གཤོག་པ་ཐོགས་པའི་ལུང་བསྟན་ཐོག་མ
མེས་པོ་ཚོའི་དུར་བྱང་ལས་མཐོང་ཐུབ་ལ
གྲམ་པ་དང་བར་བསྐོར་གྱི་རྡོ་གཅམ་ལས་ཨོཾ་ཡིག་བཞད་པའི་སྒྲ་དབྱངས་ཐོག་མ
མཆོད་མཇལ་བ་དེ་ཚོའི་བརྐྱངས་ཕྱག་གི་བཤུལ་ལམ་ལས་ཐོས་ཐུབ
བྱིས་སྒྲུང་གི་རྨི་ལམ་ལྟ་བུའི་ཕ་ཡུལ མཛེས་སྡུག་དང་ལྷིང་འཇགས་ཀྱི་ཁམས་ན
བག་ཕེབས་ཀྱིས་འཚོ་ཞིང་ རྩྭ་ལྗང་དང་མེ་ཏོག་གིས་དཀྲིགས
དེ་ཡི་མཁའ་དབུགས་གཙང་ཞིང་ནམ་མཁའ་གཡའ་དག
ང་རང་རྣོ་ལྕགས་དང་ཨར་འདམ་གྱི་བཙོན་ར་ནས་གྱེས་ཏེ
ཕ་ཡུལ་དུ་ལོག་ཐེངས་རེར སྨྲ་མི་ཤེས་པའི་ཚོར་བ་ཞིག་གི་གཏིང་རིམ་ན ཕ་ཡུལ་གྱི་ཡོད་ཚད འགོ་རྩོམ་བཞིན་པའི་འཁྲབ་ཚན་ཞིག་དང་
རི་མོ་བ་ཞིག་གི་པུར་རིས་ཤིག་དང་འདྲ
རྩོམ་ཁུངས། ངེད་དྲ་བ།