གལ་ཏེ།
བུ་མོ་པདྨ་མཚོ་ནི་ཁྲོན་པའི་ནང་གི་སྦལ་བ་ཞིག་ཡིན་ན
ངས་ནི་ཁྲོན་པ་ཆེ་རབས་དང་ཁྲོན་ཆུ་ཞིམ་རབས་བཤད་ནས
ཁྱོད་ཀྱི་མི་ཚེ་ལ་མཚར་སྡུག་འོད་སྟོང་གིས་སྤྲས་ཆོག
གལ་ཏེ ཚེ་རིང་སྐྱིད་ནི་སྤང་ཆུང་ལེབ་མོའི་ཐོག་གི་བྱེའུ་ཞིག་ཡིན་ཚེ
ངས་ནི་གྲག་ཚུལ་སྙན་རབས་དང་སྒྲོ་གཤོག་སྐྱེན་རབས་བཤད་ནས
མཐའ་མེད་པའི་མཛེས་སྡུག་གི་རྨི་ལམ་ལ་རོལ་ཏུ་བཅུག་ཆོག
གལ་ཏེ པདྨ་མཚོའི་འཛུམ་ཆུང་སྙིང་རྗེ་ཞིག་མིན་ཚེ
གལ་ཏེ ཚེ་རིང་སྐྱིད་ཀྱི་ཕྱི་ཐག་འཛད་མེད་ཅིག་མིན་ཚེ
ང་ལ་ཕྱིར་དྲན་གཅིག་པུས་ཅི་ཞིག་བྱ
ང་ལ་གདུང་བ་གཅིག་པུས་ཅི་ཞིག་བྱ
ད་ནི་རྡོ་སོལ་རྔོག་གིན་པའི་ཐེམ་ཆེན་གང་ན་ཡོད
ད་ནི་ཁོད་ཡངས་པའི་དམར་ཐང་སྤང་ལྗོངས་གང་ན་ཡོད
ད་ནི་བུ་མོ་དེ་གཉིས་གང་ན་ཡོད
རྩོམ་ཁུངས། ངེད་དྲ་བ།