ཨ་མའི་འཛུམ་མདངས།
—ཨ་མའི་ཞལ་རས་ཟླ་བ་ཡིན། ཨ་མའི་འཛུམ་མདངས་ཉི་མ་འདྲ།
ཁེར་རྐྱང་གི་མཚན་མོ་རེ་རེར། ངས་རྨི་ལམ་སེར་པོ་ཞིག་རྨིས་མྱོང་།
འཇིག་རྟེན་འདིའི་མཛེས་སྡུག་གི་སྙིང་བོ་དང་འོད་སྣང་གི་ཡོད་ཚད།
ཚེ་སྲོག་གི་དབྱངས་རྟ་བཞིན་སྐྱོ་སྣང་གིས་བཞུར་ནས་འོངས་ཞིང་།
གདུང་སེམས་ཀྱི་མིག་ཆུ་ལྟར་ཞེན་ཆགས་ཀྱིས་འཁོར་ནས་འོངས།
མི་ལོ་སུམ་ཅུའི་སྔོན་གྱི་ན་ཟུག་གི་མཚན་མོ་དེ་ནང་བཞིན།
ཨ་མས་འཇིག་རྟེན་གཞན་ཞིག་གི་སྨག་རུམ་གྱི་གྲང་ངར་འོག་ནས།
ང་ལ་འོད་གསལ་གྱི་མིག་འབྲས་བསྩལ་བྱུང་།
ང་ལ་རང་ཉིད་ཀྱི་མདུན་ལྗོངས་མཐོང་བའི་ཁ་དོག་གནང་བྱུང་།
ཨ་མའི་ཞལ་རས་ཟླ་བ་ཡིན། ཨ་མའི་འཛུམ་མདངས་ཉི་མ་འདྲ།
དུས་དེ་ནས།
ངས་ཨ་མའི་སྙིང་ཁ་ཡི་འོ་འཛིན་དང་མཆུ་སྒྲོས་ཀྱི་ཞལ་འདབ་ལ་འབྱར་ནས།
ཐོག་མའི་བྲོ་བ་མྱངས། ཐོག་མའི་དུང་སོ་སྐྱེས།
ངས་ཨ་མའི་མི་ཚེ་ཡི་ལམ་ཐག་དང་གྲིབ་གཟུགས་ཀྱི་རིང་ཐུང་ལ་འཇུས་ནས།
ཐོག་མའི་གོམ་པ་སྤོས། ཐོག་མའི་སྐད་ཆ་བཤད།
དུས་དེ་ནས།
ང་རང་རྨི་ལམ་ལྟ་བུའི་ཨ་མའི་གནའ་སྒྲུང་གི་རོལ་དབྱངས་ཁྲོད་འཇབ་ནས།
ལོ་ཟླ་དང་དུས་ཚོད་ཀྱི་བར་ཐག་ཐོག་མར་ཤེས།
ཉིན་མཚན་གྱི་དཀར་ནག་དང་དུས་ཚིགས་ཀྱི་སེམས་ངོ་དེ་དུས་ཚོར།
ཨ་མ་ལགས།
ཁྱོད་ཉིད་མེད་པའི་ངའི་བར་སྣང་ཧྲིལ་བོར།
འཁྱག་སོབ་སོབ་ཀྱི་ཁ་བ་ནག་པོ་རླུང་གིས་བསྐྱོད་ཅིང་།
གྲིབ་གཟུགས་ནག་པོ་ཅིག སྨྲ་མི་ཤེས་པའི་ན་ཟུག་ཁྱུ་གཅིག་གིས་དེད་ནས།
ནམ་ཟླ་འདིའི་སྲུབས་ཀ་རུ་འཚང་ཁ་རྒྱག
ཨ་མ་ལགས། རྩྭ་ཐང་དུ་ཉིན་ཞག་གང་མང་བརྗེས་པའི་མི་ལོ་སུམ་ཅུ་འདིར།
ཁྱོད་ཀྱི་བུ་དང་བུ་མོ་རེ་རེ། ལས་དབང་གིས་ཞོགས་པའི་རྐྱང་ཁྱུ་བཞིན།
རང་རང་གི་ས་ན་དྲན་གདུང་གི་མཆི་མ་ངལ་དུབ་ཀྱིས་འབྱིད་།
ད་ལྟ་བསམ་ན། ཁྱོད་ནི་བཀླག་མི་ཚར་བའི་རྟོགས་བརྗོད་དེའི་འཁྲབ་ཚན་ནང་བཞིན།
སེམས་དང་མིག་ཆུ་ཤག་ཤག་བཞུར།
ད་ལྟ་བསམ་ན།
ཁྱོད་ནི་བདག་གི་ནམ་མཁའ་རུ་འཕེལ་འགྲིབ་མེད་པའི་ཉི་ཟླ་ལྟར།
ནམ་ཡིན་ཡང་། ཁྱོད་ཀྱི་ཞལ་རས་ཟླ་བ་ཡིན།
ཁྱོད་ཀྱི་འཛུམ་མདངས་ཉི་མ་འདྲ།
རྩོམ་ཁུངས། ངེད་དྲ་བ།