ནད་པ།
ནད་པའི་ཉལ་ཁྲིའི་འོག་ཏུ། །
གསེར་སྒོར་ཁྲི་འབུམ་བརྩིགས་འདུག །
ནད་པའི་སྟེང་གི་བར་སྣང་། །
མཁའ་དབུགས་ནག་པོས་ཁྱབ་འདུག །
ནད་པའི་སེམས་ཀྱི་ཟུར་དུ། །
གསོན་འདོད་རེ་བས་ཁེངས་འདུག །
ནད་པའི་རྩ་ལམ་ཐམས་ཅད། །
སྲོག་གཅོད་དུག་ཁུས་ཁྱབ་འདུག །
ནད་པ་གསོན་དང་མི་གསོན། །
འཆི་བདག་གཤིན་རྗེས་ཤེས་ཟེར། །
གཤིན་རྗེའི་རྒྱལ་པོར་འདྲི་བར། །
བར་དོའི་ཁམས་ལ་འགྲོ་དགོས། །
འཇིགས་རུང་བར་དོའི་ཁམས་སུ། །
མུན་པ་ནག་པོ་འཐིབས་ཤིང་། །
རྒྱུས་མེད་སྒྲ་འོད་ཟེར་གསུམ། །
གནམ་ལྕགས་ཐོག་ལས་ཞེད་པ། །
གལ་སྲིད་ནད་པ་དྲགས་ཚེ། །
གསེར་དངུལ་གསོག་ཉར་བྱ་དགོས། །
གསེར་དངུལ་ཡོད་པའི་མི་ལ། །
སྲོག་གི་བར་ཆད་མང་ངོ་། །
གསེར་དངུལ་ཡོད་པས་དགའ་བ། །
འཇིག་རྟེན་འདི་ཡི་རྒྱལ་པོ། །
གསེར་དངུལ་ཡོད་པས་སྡུག་པ། །
གསེར་དང་ཚེ་ཚད་མི་མཉམ། །
དེ་ལྟའི་ཡ་ངའི་གནས་སྟངས། །
ནད་པའི་མདུན་དུ་སྤུངས་པས། །
ནད་པ་གསོན་ཡང་མི་འདོད། །
ནད་པ་འཆི་ཡང་མི་འདོད། །
རྩོམ་ཁུངས། ངེད་དྲ་བ།