ང་མིན་པ་དག་ལ།
ནམ་མཁའ་གཡའ་དག་པ་མི་ཡག་གོ
ས་གཞི་རྡུལ་དག་པ་མི་མཛེས་སོ
རང་བྱུང་ཁམས་ཀྱི་ལྟོ་བར་ཚེར་མ་སྐྱེས་ཏེ
ང་ཡི་མིག་ནང་ལ་གཙག་པར་བྱེད
མཛའ་ཞིང་མཐུན་པའི་གྲོགས་པོ་དག་གང་དུ་སོང
ཕྱོགས་གང་སར་ཁུར་མོང་བཞིན་བདས་རྗེས
ཞག་སྒྲོན་དམར་པོའི་འོད་ངོགས་ནས་ཆང་དམར་འཐུང
ཆང་དམར་གྱིས་ང་ཡི་རྣམ་ཤེས་དཀྲུག་དཀྲུག་བཏང
ཕྱི་རུ་ལས་ལ་བྲེལ་བའི་མི་དག་གྲོག་མ་དང་འདྲ
མེ་འཁོར་འདྲ་བའི་འཕྲུལ་ཆས་ས་འབུ་དང་ཡང་འདྲ
ཕ་མ་གཉིས་ཀྱིས་དཔེ་ཆ་བསྡམ་ཐོ་ཞིག་བསྐུར་ཀྱང
དཔེ་ཆ་བརླན་གྱིས་བཟུང་སྟེ་ཡོངས་སུ་རལ
བུ་མོ་དེའི་ཁོག་གི་བུས་པར་འདང་རེ་བརྒྱབ་ན
མི་ཞིག་མི་ཁོམ་པའི་གནས་སུ་བཅར་ཡོང
མཚན་མོ་རྨི་ལམ་དུ་ཡང་སྦྲུལ་དང་སྦལ་བས་མཐའ་ནས་བསྐོར་ཡོང
མཛའ་གཞས་ཧ་ཅང་སྙན ཨ་མའི་གཅེས་འབོད་ལྟར་དུ་སྙན
ཆང་ཕོར་བཀྱགས་ནས་རང་བྱུང་ཁམས་ལ་གྱེས་ཕྱག་ཕུལ
སྲ་མཁྲེགས་ཀྱི་དངོས་པོས་དབུ་ལོ་ཁྲག་ལ་བརྫིས
སྤྲིན་གྱི་གདན་སྟེང་ནས་རླུང་བུ་བསིལ་བསིལ་གདོང་ལ་ཕོག
སྤྲིན་གྱི་རྟ་དང་གླང་བོ་ཡང་ཉེ་བར་བཏུད
ཀི་ཤེད་ཀྱིས་བཏབ་པས་སྤྲིན་པ་སུལ་བུར་གཏོར་མ་ནུས
བྱ་རྒོད་ཀྱི་མིག་མདངས་ལ་ཁྲག་རྣག་བབས
ཁྲག་རྣག་གི་སྟེང་དུ་འབུ་སྦྲང་མང་པོ་འཁོར་ཞིང་འཁོར
ཞེ་འཁྲེང་པའི་བུ་མོ་གཅེར་བུའི་ལུས་ཀྱིས་ཙོག་པུར་སྡོད
མགོ་སྒུར་ཙམ་གྱིས་གཞང་སྒོ་མཐོང་བར་དོགས་ཙམ་བྱེད
ཆེ་ཆུང་ཤོར་བའི་ནུ་ཟུང་གིས་སྟེགས་ལྒང་སྤོ་ལོ་བཞིན་གདོང་ཐུག་རྒྱག
ང་ནི་དེ་ལ་དངངས་ཤིང་འབྲོ་བར་རྩོམ
མེ་ལོང་གས་ཆག་ཏུ་སོང་རྗེས་ང་ནི་མཚན་སྨག་གི་ཁུད་དུ་ལུས
རང་བྱུང་ཁམས་ཀྱི་ལྟོ་བར་ཚེར་མ་སྐྱེས་ཏེ
ང་ཡི་མིག་ནང་ལ་གཙག་པར་བྱེད
ནམ་མཁའ་ཡ ས་གཞི
2009 4 24
རྩོམ་ཁུངས། ངེད་དྲ་བ།