སྐྱེད་མ།
ཤར་རིའི་ཕྲག་ནས་མཁའ་དབྱིངས་འཕགས་པའི་བཅོ་ལྔའི་ཟླ་བ་སྒོར་ཞིང་འཛུམ།།
འཇིག་རྟེན་འདི་ཡི་དབུགས་རྒྱུ་ཡོད་རྒུ་ཏིང་འཛིན་གཉིད་ཀློང་མལ་ལ་གཟིམས།།
དུང་ཟླའི་འོད་རླབས་སྒེའུ་ཁུང་བརྒྱུད་ནས་གདོང་ལ་ཕོག་སྟེ་དྲན་སྣང་བསྐྱིལ།།
མིག་ཀོང་ཟུར་ནས་དྲན་གདུང་མཆི་མས་སྔས་གཞི་བརླན་པའི་རྒྱུ་རྐྱེན་བྲི།།
ཟླ་དགུ་ངོ་བཅུ་མངལ་རུམ་བསྐྱངས་ཏེ་དཀའ་སྡུག་ངལ་བརྒྱར་ཁུ་ཚུར་བསྣུན།།
སྦར་མོ་གང་གི་དམར་ལུས་གཅེར་མོ་འཇམ་གཉེན་ཕྱག་གིས་བྲང་ལ་སྦྱར།།
སྣབས་ལུད་ཁ་ཆུ་མཆུ་ཡིས་བཞིབས་ཤིང་དྲོད་མོའི་ནུ་ཞོ་ཁ་ལ་བླུད།།
བྱམས་བརྩེའི་མིག་ཟུང་བུ་ལ་གཏད་ཀྱིན་དགོད་འཛུམ་སློང་བའི་སྐྱེད་མ་དྲན།།
གོས་ཧྲུལ་རྩུབ་མོ་རང་གིས་སྤྱོད་ཅིང་ལྷ་གོས་དར་འཇམ་བུ་ལ་བསྐྱོན།།
སྙིང་ནོར་བུ་ཞེས་ཞིམ་མངར་ཁ་ཟས་རང་ལ་མི་དབང་གཞན་ལ་སྦྱིན།།
བཀྲེས་ལྟོགས་གྲང་འཁྱག་དོགས་ཀྱི་མགོ་པོ་མི་ཟད་ལུ་གུ་རྒྱུད་སྦྲེལ་བའི།།
སྐྱེད་མའི་བཞིན་ཟླ་སྙིང་དམར་མཁའ་རུ་ལན་རེ་མིན་པ་རྟག་ཏུ་ཤར།།
གང་ལ་བྱོན་ཀྱང་ལུས་གྲིབ་ཇི་བཞིན་འབྲལ་མེད་གཅེས་ཕྲུག་རྒྱབ་ཏུ་བཅངས།།
ཉིན་ཞག་ཕྲེང་བ་མཛུབ་མོར་བགྲང་གིན་དབང་ལྔའི་ཡལ་འདབ་རྒྱས་ལ་རེ།།
ར་རོ་ལྟ་བུར་འཁྱག་འཁྱོག་གཡོ་ཞིང་གོམ་པའི་འདེགས་འཇོག་ཐོག་མར་བསླབས།།
འཚོ་བའི་ལམ་བུར་ཁ་ལོ་སྒྱུར་མཁས་དང་པོའི་བཤེས་གཉེན་སྐྱེད་མ་དྲན།།
ལང་ཚོའི་ལུས་སྟོབས་ཅུང་ཟད་དར་བས་མདོ་གསུམ་དབུས་ན་རྙོག་འཛིང་སྟེ།།
ཀུན་ལ་མི་བདེ་གྱོད་དང་ཁ་ཆུ་རྙོག་ཁྲའི་རྫིང་བུ་ཁོ་བོས་བརྟོལ།།
ཞི་འཇམ་ངག་གིས་ཉག་ཕྲན་སྤྱད་དེ་རྩུབ་སྤྱོད་རྒྱང་འབེན་ཐབས་ཀྱིས་བརླགས།།
བླུན་ཞིང་མཁས་པའི་བྱམས་བརྩེའི་སྐྱེད་མ་ས་མཐའི་ཡུལ་ནས་འགོག་མེད་དྲན།།
ཐལ་རྡུལ་ཁྲོད་ནས་སྲབ་ཁ་བསྒྱུར་ཏེ་གཟའ་ཚེས་དགེ་ལ་སློབ་གྲྭར་མངགས།།
ཡོད་ཚད་རེ་བའི་མིག་ཟུང་འོད་མདངས་ཁོ་བོའི་མགོ་ལ་ཤུགས་ཀྱིས་བབས།།
ལོ་ཟླ་ཆད་མེད་རྒྱ་ཞིང་གྲུ་བཞིས་སྐྱེད་མའི་ལུས་པོ་བྲན་དུ་བསྐོས།།
ཤ་ཤུར་ཆུ་རིས་ཐོད་གཉེར་སྲུབ་ནས་ཕུགས་བསམ་འཚེར་བའི་སྐྱེད་མ་དྲན།།
ཉིན་གྱི་བབ་ཡོན་ས་ལ་འཐབ་སྟེ་དུས་བཞིར་སོ་ནམ་འཁོར་ལོ་སྐོར།།
རྣོ་དབལ་མེད་པའི་འཇིག་རྟེན་མི་ཡི་མཚོན་ཁ་མང་པོ་རླུང་ལ་དེད།།
ལྷེམ་ལྷེམ་ཁྲག་རྩའི་འཕར་ལྡིང་ལས་ཀྱང་བུ་ལ་བསམ་པའི་བློ་རིག་བྲེལ།།
ས་མཐར་འཁྱམས་པའི་ལྡོམ་བུའི་བློ་ངོར་སྐྱེད་མ་དྲན་པའི་ཚོར་འདུ་ལྕི།།
བྲེལ་བྲེལ་འདུ་འཛིའི་དཀྱིལ་འཁོར་འདི་ན་དཀའ་སྡུག་ལོ་ཟླ་རྡོག་པས་བརྫིས།།
ཐུགས་བརྩེའི་འོ་ལ་དྲིན་གསོ་མ་བྱས་སེམས་འཚབ་འཕར་མ་ཁོ་བོས་བསྐྲུན།།
སྐྱོ་ངལ་མེད་པར་བྱམས་བརྩེའི་ཞལ་རས་ཡང་ཡང་བདག་ལ་ཕྱོགས་པ་ཡི།།
བརྩེ་ཆེན་མ་ལོ་ཐུགས་དགོངས་མ་འཚོམས་རེ་བའི་ལམ་བུ་འགྲུབ་ངེས་ཡིན།།
ལས་དབང་བཙན་པོའི་རླུང་གིས་གཡབ་ནས་དབང་མེད་ཁྱེད་དང་གྱེས་གྱུར་ཀྱང༌།།
འདུ་བྲལ་ངེས་མེད་རྟེན་འབྲེལ་ཆོས་ཉིད་འཁོར་བའི་ཁྱིམ་གཞིར་གདོད་ནས་གྲུབ།།
ཞི་བདེའི་ཉི་ཟེར་འཛུམ་བརྒྱ་གྲོལ་ཏེ་གངས་རིའི་སྤོ་ལ་འཆར་བའི་ཉིན།།
བདག་ཀྱང་ཁྱེད་ཀྱི་པང་དུ་འོང་བས་སླད་མར་སྐུ་ཚེ་བདེ་བར་བཞུགས།།
རྩོམ་ཁུངས། ངེད་དྲ་བ།