ཕ་ཡུལ་དྲན་པའི་སྐྱོ་གླུ་མཆི་མའི་ཆར་རྒྱུན།
བྱམས་པས་ཡུན་རིང་བསྐྱངས་པའི་ཕ་མ་དང་བྲལ་ཞིང༌།།
བརྩེ་སེམས་འཛུམ་གྱིས་བསུ་བའི་སྤུན་མཆེད་ནི་རིང་སོང༌།།
སྐྱིད་པའི་ཕ་ཡུལ་ལུང་པ་རྒྱབ་ལོགས་སུ་བཞག་ནས།།
རྒྱུས་མེད་མི་ཡུལ་ལུང་པར་སྔོན་ལས་གྱིས་སླེབས་སོང༌།།
དྲིན་ཅན་བླ་མ་དགྱེས་པའི་ཞལ་རས་དང་བྲལ་ཞིང༌།།
སྙིང་ཐུབ་ཕུག་ཐག་བསྲིངས་པའི་ཆོས་གྲོགས་ནི་རིང་སོང༌།།
སྐྱིད་པའི་དགོན་པ་གྲྭ་ཚང་རྒྱབ་ལོགས་སུ་བཞག་ནས།།
རྒྱུས་མེད་མི་ཡུལ་ལུང་པར་སྔོན་ལས་ཀྱིས་སླེབས་སོང༌།།
རང་དང་སྐལ་མཉམ་སློབ་བུའི་ཁྱུ་ཚོགས་དང་བྲལ་ཞིང༌།།
འབྱོར་ལྡན་སྦྱིན་བདག་རྣམ་པའི་མཐུན་རྐྱེན་ནི་རིང་སོང༌།།
སྐྱིད་པའི་བང་ཁྱིམ་རང་ཤག་རྒྱབ་ལོགས་སུ་བཞག་ནས།།
རྒྱུས་མེད་མི་ཡུལ་ལུང་པར་སྔོན་ལས་ཀྱིས་སླེབས་སོང༌།།
ཁམས་པའི་ཡུལ་དུ་སྐྱེས་པའི་འདོ་མེད་ཀྱི་བུ་ང༌།།
མདོ་ཁམས་སྒང་དྲུག་རི་ནས་རི་དྭགས་བཞིན་འཁྱམས་ཏེ།།
ངེས་མེད་ཕྱི་རྒྱལ་རྣམས་སུ་ཁྱི་རྒན་ལྟར་ཉུལ་ནས།།
རྒྱུས་མེད་མི་རིགས་འཚང་ག་བྱེད་ས་ཞིག་སླེབས་སོང༌།།
རྟེན་བཟང་རྙེད་ཅིང་ལོ་བདུན་ལོན་པ་ནས་བཟུང་སྟེ།།
རྒྱ་བོད་ཤེས་བྱ་རིག་པའི་གཙུག་ལག་ལ་བསླབས་ཤིང༌།།
ཉི་ཤུ་རྩ་བཞིའི་མི་ལོ་དལ་དལ་གྱིས་ཟད་སོང༌།།
ཟད་མཐར་རྒྱུས་མེད་མི་ཡུལ་སྔོན་ལས་ཀྱིས་སླེབས་སོང༌།།
བགྲང་བྱ་བདུན་ཙམ་རིང་ལ་མཚན་ཉིད་ཀྱི་རིག་པ།།
ཉིན་མཚན་ན་ནར་སློབ་པར་བྱས་ཁུལ་གྱི་འབྲས་བུ།།
ཆེན་རློམ་རྒན་པོས་གཡོན་ལྷུང་ཐ་ཚིག་གི་སྦྱོར་བས།།
རྩིས་མེད་རང་སར་བསྐྱུར་པའི་ཉེས་ངོ་དེ་སྐྱོ་བྱུང༌།།
སཱ་ལའི་ནགས་སུ་འགྱིངས་པའི་འཛུམ་དྲུག་གི་སྟག་ང༌།།
རྒྱུས་མེད་ས་མཐའ་མྱ་ངམ་ཐང་སྟོང་དུ་ལྷགས་ཏེ།།
རྡ་ལི་ཁྱི་རྒན་རྒྱུ་བའི་དམན་བྲལ་དུ་ལྷུང་བ།།
མཐོང་ཚེ་ངུ་ལ་དགོད་པའི་སྣང་བ་ཞིག་ཤར་བྱུང༌།།
དབྱིབས་ལེགས་མདངས་མཛེས་འགྲོས་ལྡན་གྱི་ལིང་གི་རྟ་ཕོ།།
ཐལ་བའི་མདོག་འཁྱུད་རྣ་བའི་མགྲིན་བཟང་གི་ཁྱུ་དང༌།།
ཕྱོགས་ལྷུང་མིག་ཡ་བགྲད་པའི་གཡོན་ལྷུང་གི་གནག་རྫིས།།
ལྷས་ར་གཅིག་ཏུ་མཉམ་སྡེབ་བྱས་པ་འདི་སྐྱོ་བྱུང༌།།
ཡུན་རིང་གཙུག་ལག་བསླབས་པའི་བག་ཡངས་དེའི་སྐྱོན་གྱིས།།
བློ་གླིང་ཞིང་ཁར་འཇོར་གྱི་ངལ་དུབ་ཀྱི་ལས་ཀ།།
མི་འདོད་གཞན་དབང་བཙན་པོས་ཕྲག་གོང་ནས་མནན་པས།།
རིམ་གྱིས་འཛད་པའི་ལུས་སྟོབས་རིམ་པར་བཞིན་ཟད་སོང༌།།
སྔོན་བསགས་ལས་ངན་ལྗོན་པ་ཕྲ་རྒྱས་ཀྱི་ཆུ་ཡིས།།
གསོས་པའི་དུག་རོ་ཚ་བ་ལྕེ་ཐོག་ཏུ་ལྷུང་བས།།
གཞིས་ཀྱི་ཕ་ཡུལ་ལུང་པའི་སྐྱིད་སྣང་དེ་དྲན་ནས།།
མཆི་མའི་ཆར་རྒྱུན་གདོང་པའི་རི་གཟར་ནས་འབབས་སོང༌།།
ཅེས་ཕྱི་ནང་གི་ཕྲལ་རྐྱེན་འགའ་ཞིག་ལ་བརྟེན་ནས་གཞིས་ཀྱི་ཕ་ཡུལ་དྲན་པའི་སྐྱོ་སྣང་འཇགས་ཐབས་མེད་པ་ཞིག་གིས་མཚམས་སྦྱར་ཏེ་རི་བོ་གངས་ཅན་པའི་སྙན་ངག་སྨྲ་བ་བེ་རི་འཇིགས་མེད་དབང་རྒྱལ་བས་སུག་བྲིས་སུ་སྤེལ་བའོ།།
སྤྱི་ལོ་༡༩༩༠།༦།༢༠ཉིན་
རྩོམ་ཁུངས། ངེད་དྲ་བ།