གཉིད་མི་ཁུག་པའི་དོ་དགོང་།
དུས་ཚོད་ཀྱི་ཐྲིག་སྒྲ།
ལག་དམར་བའི་འཇིགས་སྐུལ་གྱི་ཀུ་ཅོ་རེད།
གཉིད་མི་ཁུག་པའི་མཚན་མོར་འབབ་པའི་ངའི་སྟོང་འདང་།
དུས་ཚོད་ཀྱི་མདའ་རྩེར་འབྱར་བའི་དབྱངས་འགྲོས་དང་ལྷན་དུ་འཁོར་ཞིང་།
ངའི་སེམས་པའི་ནང་འཁྲོལ་ན་ཆུ་ཁོལ་བཞིན་ལྷོག་ལྷོག་གདུ་གིན་ཡོད།
ཅི་ཞིག་ལ་སོ་འབྲད་བྱེད་ཀྱིན་པ་ལྟ་བུའི་དུས་ཚོད་ཀྱི་ང་རོས།
ཕྱིར་མི་བཟློག་པའི་གནས་ལུགས་ཤིག་འཆ འ་བཞིན་ཡོད་ཨང་།
དུས་ཚོད་ཀྱི་ཐྲིག་སྒྲ།
ངའི་སྔས་འགྲམ་དུ་བཞུར་ནས་བུད་སོང་།
དར་ལྕོག་གིས་སྨྲེ་ངག་ཟློ་བའི་ཕ་ཡུལ་དུ་ཤོར་བའི་ཡུལ་གྱར་གྱི་སེམས་པ།
དུས་ཚོད་ཀྱི་ངུ་ཤུམ་དང་བསྲེས་ནས་ངུས་ངུས་ནའང་།
འཇིག་རྟེན་འདིས་ད་དུང་སྐྱོ་སྣང་ཞིག་ངེས་ཟིན་པར་རྒྱང་ཐག་རིང་བས།
ངས་ཀུན་གྱིས་གླེང་མི་ཕོད་པའི་ཐ་སྙད་ཅིག་ལག་པས་བསྐྱོར་ནས་སྒུག་ཡོད།

ན་ཟུག་ཅིག་སྒུལ་བྱེད་ཀྱི་ཅོང་བརྡ་རེད།
ཉལ་སར་མི་ལོངས་པའི་ང་ཚོའི་ངན་གོམས་འདིའི་འཚང་རྩ་བསྔོག་བྱེད་ཀྱི་སྟ་རེ་རེད།
རྩིག་ངོས་ཀྱི་དུས་ཚོད་ལ་ལྟ་མི་ཕོད་པའི་ངའི་མི་ཚེ།
གནས་ལུགས་མི་འགྲོ་བའི་སྐར་ལྔའི་གྲོང་ཚོ་དང་འབྲེལ་ནས་ཡོད་སྟབས།
བདག་གི་རུས་པ་སྤར་མོ་གང་བོ་གནམ་མཐའི་གྲུ་གར་འཐོར་ཡང་ངར་རྒྱལ་གྱིས་འཆི་རྩིས་ཡོད།

༢༠༠༩ ༩ ༨ཉིན་ཕྰ་རེ་སི།
རྩོམ་ཁུངས། ངེད་དྲ་བ།