བུ་མོའི་སྙན་ངག

ཀླུ་སྨྱོན་ཧེ་རུ་ཀ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-12-02

ཉིན་དེའི་ཞོགས་པར།
ཨ་མས་གཡུ་བྱུ་རུའི་ཚེགས་རྒྱན་ཞིག་ངའི་སྐྲ་འདབས་སུ་བཏགས་ཤིང་།
དངུལ་དཀར་པོའི་བཞོ་ལུང་ཞིག་ངའི་རྐེད་པར་དཔྱངས་རྗེས།
ང་རང་ཕར་འགྲོ་རུ་བཅུག་ཅིང་དེ་ནས་ཚུར་འཁོར་དུ་བཅུག་སྟེ།
དགྱེས་འཛུམ་དང་བཅས།
ངའི་ཞི་མོས་སྐྱེས་ཕོ་བརྒྱའི་སེམས་པ་རྐུ་ས་རེད། སྨན་མོ་བརྒྱའི་སྙིང་རླུང་སློང་ས་རེད་ཟེར་ཡང་།
དེ་དུས་སུ་ངས་ཚིག་དེའི་གོ་དོན་ཅི་ཡིན་ངོ་མ་མི་ཤེས།

ནམ་མཁའ་སྔོ་ཞིང་རླུང་བུ་འཇམ་པོར་ལྡང་བའི་ཉིན་གུང་ཞིག་ལ།
ངའི་དཀར་ཞིང་འཇམ་པའི་བརླ་བར་ནས་ཐུར་དུ་བཞུར་བའི་ཁྲག་ཐིགས་གཅིག་གིས།
ང་རང་འདི་ལྟར་སྨན་བུ་མོ་ཞིག་ཏུ་བསྒྱུར་སོང་ཨང་།
ང་རང་འདི་ལྟར་འཇིག་རྟེན་གཞན་ཞིག་ཏུ་ཁྲིད་སོང་ཨང་།

དུས་དེ་ནས་བཟུང་སྟེ།
ངས་རང་ཉིད་ཀྱི་འགྲོ་སྟངས་འདུག་སྟངས་ཐམས་ཅད་ལ་དོ་སྣང་བྱས་ཤིང་།
ཐ་ན་མིག་གི་ལྟ་སྟངས་ཤིག་གིས་ཀྱང་ངའི་མི་ཚེའི་ཁ་ཕྱོགས་གཏན་ཁེལ་བཞིན་པ་རྟོགས་ཐུབ་ཀྱི་འདུག

མོ་ལོ་བཅུ་དྲུག་ལ་སོན་པའི་དུས་ནས་བཟུང་སྟེ།
ངས་འཚོ་བ་གསར་བ་ཞིག་གི་ཟློས་གར་འཁྲབས་པ་སྟེ།
དགུང་ཉི་མའི་འོག་ནས་ཟུར་མིག་འཕངས་ཏེ་གཞོན་ནུ་ཚོའི་བླ་སྲོག་བཀུགས་ཤིང་།
དུང་ཟླ་བའི་འོག་ཏུ་བརླ་སྒོ་ཕྱེས་ཏེ་འཇིག་རྟེན་འཁོར་བའི་ནང་གི་བདེ་བ་མྱངས།

དབྱར་དྲུག་པའི་ཆར་ཆུའི་ནང་དུ།
ངས་འབྲི་མཛོ་མོའི་འོ་མ་བཞོས་ཤིང་།
དགུན་བོད་ལོའི་གྲང་རླུང་ཁྲོད་དུ།
ངས་ཁྱིམ་གྲུ་བཞི་དྲོད་ཀྱིས་བརྒྱན་ཡོད།

ལོ་ཟླའི་ཕྲེང་བ་བརྒྱུད་དེ།
གྲོང་ཚོའི་ཕོ་གཞོན་རེ་རེའི་ལུས་དྲོད་དང་དཔུང་ཤའི་ཆ་རྒྱུས་ང་ལ་ཡོད་ཅིང་།
གྲོང་ཚོའི་སྨན་ཤར་རེ་རེའི་གསང་གཏམ་དང་ལྐོག་ལབ་སྣ་ཚོགས་ཀྱང་ངས་ཚོར་བྱུང་།
དེ་དང་མཉམ་དུ།
ངའི་ཕྲ་ལྡེམ་གྱི་ལུས་པོ་འདི་ཡང་།
ཚེ་སྲོག་གསར་བ་ཞིག་གིས་དམ་དུ་འཁྱུད་བཞིན་པ་ཡང་རྟོགས་བྱུང་ཨང་།

ཟླ་དགུ་ཞག་བཅུའི་རྗེས་སུ།
ངས་རང་གི་ལུས་སྨད་ཀྱི་ལྷུ་རུས་སོ་སོར་འཐོར་བའི་ན་ཟུག་ལ་བཟོད་སྒོམ་གྱིས།
འཇིག་རྟེན་འདིའི་མགྲོན་པོ་གསར་བ་དེ་ལ་བསུ་བ་བྱས་ཤིང་།
བུས་པ་དེའི་དུས་ཚོད་ངེས་མེད་དུ་ཐོས་ཐུབ་པའི་ངུ་སྐད་ཕྲ་མོ་རེ་རེ་ནི།
ང་ལ་མཚོན་ན་འཇིག་རྟེན་འདིའི་རོལ་དབྱངས་ཐམས་ཅད་ཀྱི་ཉིང་ཁུ་ཡིན་ལ།
བྱིས་པ་དེའི་དྲི་མ་མེད་པའི་མིག་མདངས་རེ་རེ་ནི།
ང་ལ་མཚོན་ན་འཇིག་རྟེན་འདིའི་མཛེས་སྡུག་ཡོད་ཚད་ཀྱི་སྤྱི་བསྡོམས་རེད།

ད་ལྟ།
ངས་རང་ཉིད་ཀྱི་ཁྱོ་བོ་ལས་གཞན་པའི་ཕོ་གཞོན་ཚོར་ཁ་ཡ་དེ་ཙམ་བྱེད་མི་འདོད་ཅིང་།
རང་གི་བུ་ཕྲུག་ལས་གཞན་པའི་མི་རྣམས་ལ་ཡང་དོ་སྣང་དེ་འདྲ་མི་བྱེད་ལ།
རང་གི་ཁྱིམ་ཚང་ལས་གཞན་པའི་བྱ་དངོས་དག་ལ་ཡང་ཇུས་གཏོགས་བྱེད་མི་ཐུབ་པས།
འདི་ནི་ངའི་མི་ཚེ་འདིའི་སྤྲོ་སྣང་ཐམས་ཅད་གཞན་དབང་ཅན་དུ་འགྱུར་བཞིན་པའི་རྟགས་མཚན་ཞིག་ལོས་ཡིན།

ལམ་འགྲམ་གྱི་ཆུ་ལེན་གཞོན་ནུ་མ་དེ་ཚོས་ང་ལ་ཨ་ནེ་ཞེས་བོས་བྱུང་ལ།
ངའི་ཚ་བོ་ཚ་མོ་དག་གིས་ཀྱང་ང་ལ་རྨོ་མོ་ཞེས་རྗོད་བཞིན་འདུག་པས།
ད་ལྟ། ང་རང་ངའི་དུང་ལྟར་དཀར་བའི་སྐྲ་ལོ་དང་མཉམ་དུ་རྒས་ཟིན་ལ།
ངའི་ལང་ཚོའི་མེ་ཏོག་དེ་ཡང་།
ཧ་ཅང་སྔ་མོ་ཞིག་ལ་བཞད་ཅིང་།
ངའི་འཇིག་རྟེན་སྣང་བ་དེ་ཡང་།
ཧ་ཅང་རྒྱང་རིང་ཞིག་ནས་འོངས་ཏེ།
སླར་ཡང་། ཧ་ཅང་རྒྱང་རིང་ཞིག་ཏུ་ཡལ་བཞིན་འདུག་ཨང་།
                                       ཟླ་བཞི་པའི་ཚེས་ཉེར་དགུ་ལ་ཨ་རིར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོའི་སྙན་ངག

2009-12-02 ཀླུ་སྨྱོན་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།