རིག་པ་ཐོལ་སྐྱེས་ཀྱི་བརྡ་གླུ།
དཔལ་ལྡན་ཚངས་པའི་ལོངས་སྤྱོད་ལས། །
དཔལ་གྱུར་ངག་གི་སྙིང་པོར་སྨིན། །
དཔལ་མོ་སྲིད་ཞིའི་དབྱངས་ལྡན་མས། །
དཔལ་སྟུག་བག་ཆགས་གླུ་རུ་ལོངས། །
རིག་འཛིན་རྒྱལ་པོའི་བཀའ་ལུང་གིས། །
རིག་པ་ཐོལ་སྐྱེས་བརྡ་ཡི་གླུ། །
རིག་བྱེད་གདངས་སུ་འཕོས་པའི་དཔྱིད། །
རིག་པའི་བུ་ཆུང་གསོས་སུ་སྨིན། །
རི་བྲག་ནགས་ཚལ་མཚོ་གླིང་ནས། །
ཤོག་སེར་འཕྲུལ་གྱིས་ཕྱུངས་མིན་ཡང་། །
པདྨ་རྒྱལ་པོའི་བརྡ་གསང་གི །
སྙིང་པོར་སྨིན་པ་ཐོག་མའི་གཏམ། །
ཕྲ་རབ་རྡུལ་གྱི་འཕྲོ་འདུ་ལས། །
ཚངས་པའི་འཇིག་རྟེན་བྱེ་མར་བྱེད། །
ཚོགས་གཉིས་འཕྲུལ་གྱི་རོལ་རྩེད་འབུམ། །
ཚུར་མཐོང་སྤྱོད་པའི་སྐལ་བར་སྨིན། །
འཇིག་མེད་ཞོ་འཐུང་རུས་པའི་མཚོན། །
དུས་ཀྱི་འཛིན་བྱེད་ལ་སྦྲེལ་བས། །
རྙིང་ཞེན་ཕ་ལམ་བརྩེགས་པའི་རི། །
སྟོང་ཆེན་སྒྱུ་མའི་འཕྲུལ་གྱིས་མྱོས། །
བཅུ་ཟུང་བགྲང་བྱའི་ཨ་དར་ཤས། །
ངོ་མཚར་འབྱམས་སུ་ཀླས་པའི་གཏམ། །
སྣང་སྲིད་འཇིགས་པའི་གད་རྒྱངས་ཀྱིས། །
མཆོག་དམན་རྣ་དབང་འགས་པར་བྱེད། །
དབང་ཕྱོགས་གྲིབ་བསིལ་ནག་པོའི་དཔུང་། །
རྒྱུ་སྐར་སྲོག་ལ་རྒོལ་བའི་ཆར། །
བདེ་ཆེན་ཉི་དམར་ངུས་པའི་ཆབ། །
འཁྲུག་ཆེན་གསུམ་པའི་གདོང་ལ་བྲན། །
པད་དཀར་འདབ་མ་མ་འཐོར་གོང་། །
དམ་ཚིག་གསེར་གྱི་སྒོ་ང་མཛོད། །
རིག་བྱེད་གླུ་རུ་ལེན་མཁས་ཀྱང་། །
ས་ལམ་བགྲོད་པའི་སྐབས་མི་རྙེད། །
ཐབས་ཤེས་ཐིག་ལེ་གསུམ་གྱི་བར། །
གྱེས་བྲལ་འཛོམ་པ་མ་བྱུང་ན། །
གངས་ལྗོངས་བསྟན་འགྲོའི་དོན་ཆེན་འདི། །
ཆོས་ཀྱི་དབྱིངས་སུ་བཛྲ་མུ། །
བྱང་རྒྱུད་ཙི་གུ་སྤུ་མེད་འགས། །
མིག་སེར་བྱི་ལ་གྲོགས་སུ་སྦྲན། །
ས་འོག་མུན་པའི་ཁང་བུ་རུ། །
ཟས་ཀྱི་གྲོས་ཁ་གཅིག་ཏུ་མཐུན། །
ཨ་མྱེས་རྒན་པོའི་སློག་རྙིང་ལ། །
སྟོང་ཕྲག་ལོ་ཡི་རྨ་ཁ་གདངས། །
ལྷ་རྒན་སྐུ་ཚེ་རིང་ན་ཡང་། །
ཐལ་འཇམ་མིག་གི་ཚེར་མ་ཉིད། །
ནོར་གྱི་གླིང་ལ་དཔྱིད་འབར་ནས། །
སྐལ་བཟང་མེ་ཏོག་བཞད་ན་ཡང་། །
གསེར་གྱི་ཟེའུ་འབྲུ་དབང་ཆེ་བས། །
རང་སྲིད་གཅིག་གིས་བརྒྱ་ཁ་གཅོད། །
བཀའ་ཡི་བློན་པོ་ལྟོ་བ་ཆེ། །
ཕྱོགས་ཀྱི་ཉམ་ཐག་རྐང་བ་ཕྲ། །
དམངས་ཀྱི་སྐྱིད་སྡུག་གཙོ་ཟེར་ཡང་། །
གཙོ་ངེས་རྒྱབ་ཀྱི་སྒོ་མོ་འོ། །
ཁ་ནས་འོ་མའི་རྒྱུན་བཟང་འཇོ། །
ཁོག་ཏུ་དུག་གི་ཚེར་མ་སྐྱེས། །
ཕ་ཤ་བཟའ་བའི་གཞུང་ཞབས་གཟུགས། །
རང་སྲིད་འཇིག་པའི་གཤེད་དུ་སྣང་། །
གནོད་ན་ལྷ་ལ་འགྲམ་ལྕག་ཐོངས། །
ཕན་ཚེ་འདྲེ་ལ་གཏོར་མ་བྱིན། །
ལྷ་འདྲེ་རྩོད་པའི་ནང་དམེ་འདི། །
ཡུལ་གྱར་བ་ལ་མཛའ་བ་མིན། །
ལྷ་འདོད་འདྲེ་འདོད་སུ་ཡིན་ཡང་། །
ཕུགས་སུ་གངས་ལྗོངས་བསྟན་སྲིད་ཆོངས། །
གྲོད་ཁོག་ཙམ་གྱི་གནད་དོན་ལ། །
མར་ལེ་རིང་ལུགས་ཨེ་མ་ཧོ། །
ཀུན་རྫོབ་མགྲིན་བཟང་འོ་མ་འདི། །
བསྲུབས་ལས་མ་དག་དྲི་ངན་འབྱུང་། །
དོན་དམ་འདོད་འཇོའི་བ་ཡི་འོ། །
དཀྲུགས་ན་མཉམ་ཉིད་མར་གསར་སྨིན། །
རྟག་ཆད་འཁོར་འདས་བཟང་ངན་འདི། །
འཁྲུལ་རྟོག་ཀུན་རྫོབ་བློ་ལས་བྱུང་། །
བརྡལ་ཁྱབ་ཆོས་དབྱིངས་རྒྱལ་ས་རུ། །
འདི་དག་གདོད་ནས་ཡོད་རེ་རྐན། །
རྩ་བ་མེད་པའི་ཡལ་ཀ་ལས། །
འབྲས་འདོད་དམུས་ལོང་འབུམ་གྱི་ཁྱུས། །
གདོལ་སྤྱོད་འབྱུང་བོའི་འཁྲུག་ལོང་དབུས། །
རང་སྲོག་འདོར་བ་ཀྱེ་མ་ཧུད། །
མན་ཤེལ་འོད་ཀྱི་སྙེ་མའི་ཕྲེང་། །
དུམ་བུར་མཆེད་པའི་སྐྱེད་ཚལ་དུ། །
བྱུ་རུའི་རེ་ཁྰ་འཁྱུད་པ་འདི། །
སེང་ཁྱིའི་གོ་རིམ་འཆོལ་ལས་བྱུང་། །
བདེ་ཆེན་ཡབ་ཀྱི་ར་ཧུ་ལས། །
སྟོང་ཆེན་ཉི་ཟླའི་བགྲོད་པ་ཟ། །
འབྱུང་འཇུག་འཕྲུལ་གྱི་རོལ་རྩེད་ལས། །
མུན་པའི་རྔ་ཡབ་ཤུགས་ཀྱིས་རྡེགས། །
འཇམ་དཔལ་ཁྲོས་པའི་གར་གཅིག་གིས། །
རྨོངས་ཆེན་ལྟོ་བ་ཚལ་བུར་གཤགས། །
སྡེ་བརྒྱད་འཁྲུགས་པའི་ཡོ་ལངས་འདི། །
རང་སྲོལ་གསེར་གྱི་སྙེ་མར་གཟན། །
པདྨ་རྒྱལ་པོའི་བརྡ་གསང་གི །
དགོངས་འབྲས་དུས་སུ་སྨིན་པའི་ཆར། །
སྦྱོར་སྒྲོལ་གཟུགས་འཛིན་བྱེ་ལེབ་ཁྱུ། །
དམྱལ་མེར་མཆོང་ལ་སྔ་ཕྱི་རྩོད། །
ས་དགེ་བཀའ་རྙིང་ཆུ་བོ་བཞི། །
ཐུབ་གསུང་མ་དྲོས་མཚོ་ལས་བརྡོལ། །
འོན་ཀྱང་ཕྱོགས་འཛིན་དུག་གི་རི། །
བྱང་ཆེན་གཅིག་ཏུ་འཁྱིལ་ལ་གཟན། །
རོ་ལངས་རྒོད་པའི་དུར་ཁྲོད་དུ། །
སྡོམ་གསུམ་བསྲེགས་པའི་དམར་དྲི་འཐུལ། །
ཐར་པ་ཆེན་པོའི་གྲོང་སྟོང་ན། །
ཐུབ་པ་ངུས་པའི་མིག་འབུར་མཐོ། །
ཡོད་མེད་རྩོད་པ་རྩོད་པ་སྟེ། །
རྩོད་ཞི་བདེ་བར་བདེ་གཤེགས་གསུངས། །
རྒྱན་དྲུག་དོན་དམ་དོན་གྱིས་ལྕི། །
རང་རེས་ཚིག་གི་ཚེར་མ་བརྡར། །
ཐོས་པ་མེད་པའི་བླུན་སྒོམ་དང་། །
སྒོམ་པ་བོར་བའི་ཚིག་སྐམ་གྱིས། །
རྒྱལ་བསྟན་སྤེལ་བའི་སྟོང་སྐད་འདི། །
ཕྲ་མེན་སོ་ནམ་ཡིན་ནམ་ཅི། །
ཟླ་ཤེལ་མེ་ཏོག་སིལ་བུའི་དཔྱ། །
དབྱིག་འཛིན་ཟེ་བར་སྨིན་པ་ན། །
དམར་ནག་མགྱོགས་འགྲོའི་རྐང་སྟབས་ཀྱིས། །
ལུགས་གཉིས་རི་མོ་མཁའ་ལ་མཆོད། །
བྱུང་འདས་སྒྱུ་མའི་མེ་ལོང་ལ། །
ཚོགས་དྲུག་འདྲེན་བྱེད་ཕྱོགས་ལྷུང་བས། །
དཀར་མིན་ལས་ཀྱི་ཨེ་ཊ་ཀ །
སྐྱ་རེངས་ཕང་བར་མནལ་དུ་ཡུར། །
རང་རང་ལུགས་ཀྱི་དབུ་མ་བ། །
དཀར་དམར་གོས་ཀྱི་ཁྲིམས་འོག་ཏུ། །
ཕྱོགས་ཞེན་དུས་ཆུས་ཆེར་མྱོས་ཏེ། །
གཡོ་སྒྱུའི་གདོང་བ་ས་ལ་དྲུད། །
དམར་སེར་ཉི་རྡུལ་ལ་འཐུངས་པའི། །
དཀར་འཇམ་བརླ་ཡི་མེ་ཏོག་འབུམ། །
འཇིགས་རུང་ལྷག་མའི་མུན་ཁོང་དུ། །
བག་མེད་གསེར་གྱི་བུང་བས་གཞིབས། །
ཆོས་དབྱིངས་ཡུམ་གྱི་བྷ་གའི་སྒོར། །
ཀུན་རྫོབ་མཇེ་རྒན་ཤི་མ་གསོན། །
ཡིན་ཡང་གནག་སྣུམ་རལ་ཁུར་གྱིས། །
རིམ་གཉིས་ཤིག་གི་དགའ་སྟོན་ངོམ། །
དམར་སེར་ཤམ་བུའི་མེ་ལྕེ་ཡིས། །
མགོ་སྐྱེས་ནགས་མའི་རྩེ་དགའ་ཟོས། །
དཀར་འཇམ་བྲང་གི་མཚོ་ཀློང་ནས། །
འགོག་མེད་མྱོས་པའི་ངང་དཀར་རྩེན། །
ཐུན་མཚམས་གྱོན་པའི་དམ་ཉམས་ཁྱུ། །
གཉིས་སྦྱོར་གཉིས་མེད་གར་ལ་རྩེན། །
ཐུབ་པ་ངུས་པའི་མཆི་མ་ཡང་། །
མྱ་ངན་ཚལ་ལ་ཇི་ལྟར་ལྷུང་། །
བདེ་ཆེན་ལི་ཤི་དཀར་པོའི་ཟས། །
མི་གཙང་འདམ་གྱི་ཁུ་བས་བསྒོས། །
ཐར་པའི་སྲོག་འཕྲོག་གཤང་ལྕིའི་རྒྱུན། །
དུག་དྲུག་སྒོ་གསུམ་རྒྱན་དུ་ལེན། །
བདེ་ལྡན་གངས་ཀྱི་གླེགས་བུའི་དཔྱ། །
ནོར་སྲུང་མཆེ་བའི་ཟོང་ལས་དམན། །
ཕྱི་རབས་འབུམ་གྱི་ཕ་ས་རུ། །
འབྱུང་བོས་རྐང་བྲོ་ཆེམ་ཆེམ་རྡུང་། །
ལུགས་གཉིས་དཔུང་བ་ཆེར་སྦོམ་ཡང་། །
ལྷག་བསམ་རྐང་ལག་ཕྲ་བའི་ཕྱིར། །
ཕྱི་ནང་སྒྲིབ་པས་མནར་བའི་སྲིད། །
ཉི་རྡུལ་འཕོས་པའི་ཆུ་ཟེར་བཞིན། །
ཕ་ཤ་ཟ་བའི་གདོང་དམར་ཁྱུ། །
ལུགས་གཉིས་དགྲ་ཡི་དཀར་ནག་གདོང་། །
སྤྱི་བོར་ལེན་པའི་སུག་པ་ན། །
ལ་རྒྱའི་རི་མོ་ཐང་ལ་ཞིག །
ཐུབ་པ་ཆེན་པོའ་གོམ་གཅིག་གིས། །
སྟོང་ཆེན་ཟིན་པ་ལ་རྨོངས་འགས། །
ཕྲ་རགས་རྡུལ་གྱི་ཆོས་ཉིད་ལ། །
མུ་སྟེགས་མཁས་ཞེས་གྱ་ཚོམ་སྨྲ། །
ཨོ་རྒྱན་ལུང་གིས་མ་ཟིན་ཅིང་། །
ཨ་མ་མཁའ་འགྲོ་མ་བསྟེན་པའི། །
ཨ་མདོའི་ཁྲག་འཐུང་གླིང་བ་ངས། །
ཨ་དོན་སྐྱེ་བ་མེད་པར་དམོད། །
དུས་རབས་ཉི་ཤུའི་མཇུག་མཐའ་འདིར། །
ཟབ་གསང་བརྡ་ཡི་རོལ་རྩེད་ཀྱིས། །
རང་མཉམ་མགོ་བོ་གདུགས་བཞིན་དུ། །
སྐོར་བའི་ལས་འདི་ཆེད་དུ་བྱས། །
མི་ཆོས་བླ་མའི་རྫུན་གྱི་ཕྲེང་། །
མི་མཆོག་རྒྱལ་བའི་སྤྱན་སྔར་འཆག །
མི་འགྱུར་བདེན་པའི་ཆ་མཆིས་ན། །
མི་རིགས་འདི་ལ་སྐྱེས་སུ་འབུལ། །
བརྡ་གསང་ནོར་བུའི་རྔ་ཡབ་ཀྱིས། །
དུས་ཀྱི་ཚ་གདུང་རྨངས་བཅིལ་ནས། །
འཁྲུལ་རྟོག་མུན་པའི་གཡུལ་ཆེན་པོ། །
ཛཿཧྰུྃཿབཾཿཧོཿཆོས་དབྱིངས་སུ། །
ཁྲག་ཁྲིག་ཕྱག་འོས་ལུམ་བྷི་ནིར། །
ཁྲག་འཐུང་གླིང་བའི་དགོངས་ཀློང་ནས། །
ཁྲག་དང་མཆི་མ་བསྲུབས་པའི་བཅུད། །
ཁྲག་དྲི་འཐུལ་བའི་བརྡ་ཚིག་ཕྱུངས། །
མགོ་རུ་མཁའ་འགྲོའི་བརྡ་ཡིག་མེད། །
བར་ན་རྫུན་གྱི་ཕྲེང་བ་མེད། །
མཇུག་ཏུ་ཨྀ་ཐིའི་བཀའ་རྒྱ་མེད། །
ཁྲག་འཐུང་གླིང་ལས་བརྡ་ལས་མེད། །
སྤྱི་ལོ་༡༩༩༨ལོའི་དགུན་ཁར་གནས་མཆོག་ལུམ་བྷི་ནིར་རིག་པ་ཡེ་ཤེས་ཀྱི་ཀློང་ཆེན་པོར་ཤར་རིམ་བཞིན་ཕབ་པའོ།།
རྩོམ་ཁུངས། ངེད་དྲ་བ།