ངས་མཐོང་བྱུང་།
དུག་གསུམ་དུག་གི་མེ་ལྕེ་ལམ་ལམ་དུ་འབར་ཞིང༌།།
སྐྱིད་སྡུག་རེས་ཀྱིས་མནར་བ་ཡུན་ཐུང་གི་མི་ཚེ།།
སྣ་ཚོགས་ལས་ཀྱིས་འཁོར་བའི་འཇིག་རྟེན་གྱི་སྟོན་མོར།།
དཔྱད་གསུམ་རིག་པའི་མགོན་པོས་ཚངས་ཐིག་ཅིག་དྲོངས་དང༌།།
རྨི་ལམ་དྲོད་མོ་ཞིག་གིས་མཁའ་དབྱིངས་སུ་ལྡིང་ཡང༌།།
དབང་མེད་ལས་ཀྱིས་བསྐུལ་བའི་སྡུག་ནད་ཀྱིས་བཙེས་ཏེ།།
བཅོས་མའི་འདམ་ལས་མི་སྡུག་དྲི་ངན་དེ་འཐུལ་དུས།།
ཡོད་ཚད་ཐལ་བར་རློག་པའི་དུག་རྫས་དེ་མཐོང་བྱུང༌།།
རྣམ་སྲས་བང་མཛོད་ཁུར་བའི་འབྱོར་ཕྱུག་གི་དྲུང་ན།།
དབང་གྲགས་ཁྲི་ལ་འགྱིངས་བའི་དཔོན་རིགས་ཀྱི་སྒམ་ན།།
རང་གཤིས་རྣལ་མ་བོར་བའི་ལྟོ་ཆད་ཀྱི་ཁྱི་གུ།།
ལྕེ་རྩེ་ས་ལ་དྲུད་པའི་ངང་ཚུལ་དེ་མཐོང་བྱུང༌།།
སྐྱེས་སྟོབས་ལུས་ཟུངས་བྲལ་བ་ཐལ་མདོག་གི་ལག་པས།།
གུས་རྟག་སྦྱོར་བ་བྲལ་བའི་མཁར་འཁྱོག་དེ་བཟུང་ཞིང༌།།
ལུགས་ཟུང་གཤོག་སྒྲོ་གཡབ་པའི་འཕུར་སྟངས་ལ་སྨོན་ནས།།
ལྷོད་ཀྱིས་མཁའ་ལ་ལྡིང་བའི་དག་སྣང་དེ་མཐོང་བྱུང༌།།
མི་རྟག་སྒྱུ་མའི་རང་བཞིན་གློག་དམར་གྱི་ཟློས་གར།།
བདག་འཛིན་དུག་གི་རྩ་བ་འཁོར་བ་ཡི་འཆིང་ཐག།
ངེས་འབྱུང་རྣལ་མ་དགོས་ཞེས་ཆོས་འཁོར་དག་བསྐོར་ཀྱང༌།།
སྒོར་མོའི་ཁྲི་ལ་རྩོད་པའི་འདོད་རྔམ་དེ་མཐོང་བྱུང༌།།
ཡིད་མཐུན་ཞེན་པ་དཀར་པོའི་ངང་ངུར་གྱི་ཁྱུ་ཚོགས།།
དབེན་འཇགས་ཞི་བའི་དབྱིངས་ལ་འཕུར་རྩལ་དེ་ངོམ་དུས།།
མ་དག་གཡོ་སྦྱོར་མཁས་པ་ནེ་ཙོ་ཡི་བུ་བརྒྱུད།།
དཀར་དམར་མཚོན་རྩི་བྱུགས་ཏེ་འཁྲབ་སྟངས་དེ་མཐོང་བྱུང༌།།
ལང་ཤོར་འཕྱོན་མའི་གར་སྟབས་བསླུ་བྲིད་ཀྱི་མགྲོན་པོས།།
དཔལ་དང་སྲོག་ལ་རྔམ་པ་འདོད་གདུང་གིས་བསྒྲིབས་ཏེ།།
གློ་སྙིང་བྲང་གསུམ་བཅོལ་བའི་བརྩེ་བ་ཡི་ཤུལ་དུ།།
ཚག་སྒྲའི་གློག་དམར་འཁྱུག་པའི་འགྲམ་ལྕག་དེ་མཐོང་བྱུང༌།།
དམངས་ཀྱིས་རེ་བཅོལ་ཟབ་མོའི་ཤོག་བྱང་དེ་ཁྱེར་ནས།།
རྨ་མེད་སྤྱི་དོན་སྒྲུབ་ཁུལ་ཁ་གཡང་དེ་བསྒྲགས་ཀྱང༌།།
འཚོལ་ཞིབ་རིག་པའི་བུ་ཆུང་སྲང་མདའ་ཡི་དབུས་ནས།།
གཡས་འཁྱོག་གཡོན་འཁྱོག་བྱེད་པའི་དབུ་ཁྲིད་དེ་མཐོང་བྱུང༌།།
ལྟོ་ཡི་རྒྱལ་པོ་སྐྱོང་བའི་སེམས་ཁུར་དེ་ལྕི་བས།།
དགོད་འཛུམ་ཐབས་བརྒྱས་ཕྱེ་བའི་ལྟག་སྒོ་དེ་འཛུལ་ནས།།
ལྷད་མེད་བློ་གསར་རྐང་དྲུག་བུང་བ་ཡི་དབུས་ན།།
དབྱངས་གསལ་ཀློག་ལ་རྨོངས་པའི་དགེ་རྒན་དེ་མཐོང་བྱུང༌།།
མདུན་ན་ངོ་བསྟོད་ཚིག་གི་མེ་ཏོག་དེ་སྟོར་ནས།།
རྒྱབ་ན་སྙིང་དམར་འབིགས་པའི་ཚིག་མདའ་ཡིས་བསྣུན་ཅིང༌།།
གྲང་ངད་རུས་རྐང་བསིལ་བའི་རླུང་འཚུབ་ཀྱི་ཁྲོད་ནས།།
ཁ་ཞེ་ངོ་ལྐོག་བྱང་བའི་ཁྱི་ངན་དེ་མཐོང་བྱུང༌།།
བསམ་སྦྱོར་དུག་སྦྲུལ་ནག་པོ་ལྟོ་བ་རུ་སྦྲུམ་ཞིང༌།།
གཡས་འཁྲི་གཡོན་འཁྲི་བྱས་ཏེ་མིག་འཕྲུལ་འགའ་བསྟན་ནས།།
གཉིས་ཀས་ཇག་པ་བརྒྱབ་ཏེ་བརྗིད་ཉམས་ཀྱི་ཁང་བརྩེགས།།
སྐྲུན་མཁས་རུལ་བསུང་འགོ་པའི་འཕོངས་ཤ་དེ་མཐོང་བྱུང༌།།
རིལ་རིལ་མིག་དང་ལེབ་ལེབ་རྣ་བ་དེ་བརྒྱུད་ནས།།
ནེ་ཙོའི་གླུ་དང་གར་མཁན་སྤྲེའུ་ཡི་ཉམས་འགྱུར།།
གསལ་གསལ་སེམས་ཀྱི་བུ་ལ་བརྡ་འཕྲིན་དེ་འབྱོར་དུས།།
བཟོད་མེད་ཁ་ལས་བསྐྱུགས་པ་སོར་རྩེ་ཡིས་ཐལ་སོང༌།།
རྩོམ་ཁུངས། ངེད་དྲ་བ།