མ་འོངས་པའི་ཕྱིར་མིག
གངས་མཐོན་པོ་ཞིག་ཁྱོར་བའི་ནང་གི་ཁ་བ་ལྟར་ཞུ་རྗེས།
སྤང་སྔོན་པོ་ཞིག་མེ་ཏོག་རྙིད་ཅིང་ནོར་ལུག་གིས་དབུལ་དུས།
ནགས་རྒྱ་རྫོང་ཞིག་ལྗོན་ཤིང་སྐམ་ཞིང་འདབ་ཆགས་ཀྱིས་སྟོང་དུས།
མཚོ་ལྗང་ལོ་ཞིག་ཐན་པ་ཡིས་བྲི་ཞིང་མྱ་ངམ་དུ་གྱུར་དུས།
ཕུག་པ་མང་བའི་ཕ་གཞིས་འདི། མདའ་མདུང་གི་མཚོན་ཁར་ལུས་པའི་སྟག་ཤར་བཞིན།ཕྱི་ དྲོ་ཞིག་ལ་མཚམས་སྤྲིན་གྱི་ཟེར་མས་བར་མེད་དུ་བརྟོལ་བ་དང༌།
སྟོང་འཇགས་ཀྱི་སུན་སྣང་ཞིག་ཀྱང་མཚེར་ཤུལ་གྱི་སྐྲ་རྩེ་ནས་རླུང་བུ་ལྟར་ལྡང་འོངས།
ཉིན་དེར། ངའི་སློག་པ་རལ་བོ་ལས་བྱེ་ཟེགས་ཀྱི་རྣོ་ངར་ཕུང་བོར་ཟུག་ཡོང་བས།ང་ལ་སྐྲག་སྣང་སྐྱེ་སྲིད། ཕ་མ་དང་མིང་སྲིང་ཡང་དྲན་སྲིད།
སྦྲ་ནག་ཅིག་བལྟབས་ཏེ་མིའི་རིགས་ཀྱི་མིག་གི་ལོངས་སྤྱོད་ལ་ཕུལ་རྗེས།
ཀ་མད་སུམ་ཅུ་བཀླགས་ཀྱིན་བཀླགས་ཀྱིན་ཇེ་ཉུང་དུ་སོང་དུས།
སྤུན་ཟླ་ཚོས་སྙིང་དུ་སྡུག་པའི་མཛེས་མ་གཞན་ཞིག་ཆུང་མར་བསུས་དུས།
བྱིས་པ་ཚོར་ཞེན་ཆགས་མེད་པར་རྒྱང་རིང་གི་རྒྱལ་ཁམས་འགྲིམས་དུས།
ཤ་ཞེན་གྱིས་སྟོང་བའི་ཕ་གཞིས་འདི། ཨར་འདམ་དང་རྣོ་ལྕགས་ཀྱིས་བཀླུབས་པའི་འགག་འཕྲང་དོག་མོ་དོག་མོ་ཞིག་སྟེ།
ནེའུ་གསིང་དང་མེ་ཏོག་གི་བང་སོ་ལས་ཁྲ་ཁྲ་རིག་རིག་གི་བསླུ་བྲིད་ཅིག་ཡུར་མ་བཞིན་སྐྱེ་བ་དང༌།
མིག་དང་རྐང་ལག་མང་པོ་འཇག་སྐྱ་བྱང་རླུང་གིས་བདས་པ་ཇི་བཞིན་ཧམ་སེམས་ཀྱིས་འཚངས་འོངས།
ཉིན་དེར། ངའི་བགྲོད་ལམ་སྔར་མཐོང་མ་མྱོང་བའི་མི་ཞིག་གིས་བཙན་གྱིས་ཕྲོགས་འགྲོ་བས།ང་ལ་སྐྲག་སྣང་སྐྱེ་སྲིད།
ཀ་ཁ་གྱེར་བཞིན་པའི་བྱིས་པ་མང་པོ་མང་པོ་ཞིག་ཀྱང་དྲན་སྲིད།
༢༠༠༩·༤·༡༤
རྩོམ་ཁུངས། ངེད་དྲ་བ།