སེམས་ཀྱི་རོལ་དབྱངས།
— ཟླ་ཟེར་རྩོམ་རིགས་བྱ་དགའ་ཐོབ་པའི་སྙན་ངག་པ་རྣམས་ལ་ཕུལ།
ཁྱོད་ཀྱི་སྙན་ངག་རེ་རེའི་གྲུབ་འབྲས་ནི
སྐྲ་ཉག་མ་རེ་རེའི་ཕམ་ཁ་ལ་བརྗེས་པས
ནམ་ཞིག
ཆོས་ཉིད་མ་ཡིན་པའི་སྤྱི་ཐེར་དུ་གྱུར་ཚེ
ཁྱོད་ཀྱིས་སྙན་ངག་གི་བུ་མོར་ལས་བདའ་མ་བྱེད
སྙན་ངག་ཀློག་པའི་ཁོ་བོ་དང་
སྒྱུ་རྩལ་དཔྱོད་པའི་ཁོ་མོ་ཅག་
རྣམ་ཡིན་ཡང་
ཁྱོད་ཀྱི་སྙན་ངག་གི་བཟི་ཁ་དང་
སྒྱུ་རྩལ་གྱི་མངར་ཁར་ཆགས་ནས་
ཞེ་དག་གིས་
ཁྱོད་དང་ཁྱོད་ཀྱི་གྲུབ་འབྲས་ལ་
བསྟོད་བསྔགས་གནང་བཞིན་ཡོད།
སྙན་ངག་གི་བུ་མོ་སྙིང་སྡུག་མ་འདི་
ཁྱོད་དང་
ཁྱོད་ཀྱི་གམ་ལ་བཅར་པའི་གྲོགས་མོ་དག་གིས་
ཕྲག་དོག་གི་ཕམ་ཁའི་འོག་ནས་ངུ་རུ་མ་འཇུག་
དགའ་སྐྱོ་ཆགས་སྡང་སྲོག་ལ་སྦྲུམ་པའི་
དེ་ལྟ་བས་ན་
སྙན་ངག་གི་བུ་མོ་སྙིང་ཆུང་མ་འདི་
ཁྱོད་དང་
ཁྱོད་ཀྱི་ཟླ་ལ་རྩེན་པའི་གྲོགས་པོ་དག་གིས་
གཏམ་མྱི་ཁའི་ནང་ནས་སྐྱུར་དུ་མ་འཇུག་
སྒྲ་དོན་གབ་ཚིག་རྒྱན་ལ་བཏགས་པའི་
དེ་ལྟ་བས་ན་
ལས་བཞིའི་ཀླུང་རྟ་ཡར་ལ་བསྐྱེད་པའི་ སྙན་ངག་གི་བུ་མོ་བག་ཡོད་མ་འདི་ ཁྱོད་དང་ ཁྱོད་ཀྱི་ཉེ་འཁོར་ལ་གནས་པའི་ཡུ་བུ་ཅག་གིས་ ཁེ་དབང་རྩོད་པའི་བར་ནས་ཤོར་དུ་མ་འཇུག
དེ་ལྟ་བས་ན་
༢༠༠༩ལོའི་ཟླ་༩པའི་ཚེས་༡༣ཉིན་བྲིས།
རྩོམ་ཁུངས། ངེད་དྲ་བ།