དོ་དགོང་ང་སུ་ཞིག་གི་ཁ་གཏད་ན་ཡོད།
གློ་རྡེག་ལ་འཕྱུར་བའི་རྒྱ་མཚོའི་རྦ་རླབས་ཀྱི་རྩེ་ན
ཉི་འོད་འཛར་བའི་ཤེས་རབ་ཀྱི་ཆུ་ཟིལ་དེ
འཇིག་རྟེན་དང་འབྲེལ་བའི་ཐ་གུ་དམར་པོ་ཞིག
ལག་པ་ཅི་ཞིག་གིས་འཐེན་ཡང་དུས་ཚོད་ཀྱི་ཁོང་དུ་ཟགས་འགྲོ
ཁོད་ཡངས་པའི་བརྩེ་བ་དེས་བསམས་ན
རྟག་པར་བྲང་ངོས་སུ་འབྱར་བའི་བ་སྤུ་ཇི་བཞིན
ཕར་ཡོམ་ཚུར་ཡོམ་གྱི་ངང་དུ་གསོན་གྱིན་ཡོད
རྟག་པར་བདེན་ཡང་ཆོག་ལ་རྫུན་ཡང་ཆོག་པའི་རྣ་བ་འདི
ཁྱོད་ཀྱི་ཆེད་དུ་ཀེར་གྱིས་ལངས་པའི་དུས་ཚིགས་སུ
གློག་དམར་བཞིན་འཁྱུག་པའི་མི་རྟག་པ་དེས
ང་ལ་ཞེད་སྣང་དྲག་པོ་བསྩལ་ཀྱང
རི་བོ་འདིའི་ཕ་རོལ་གྱི་རི་བོ་དག་གིས
མཚོ་མོ་འདིའི་ཕ་རོལ་གྱི་མཚོ་མོ་དག་གིས
ང་ལ་རྔུལ་ཁྲག་ལྟ་བུའི་ཤེས་རབ་བྱིན་ཅིང
ཉི་མ་ལྟ་བུའི་མིག་ཟུང་བྱིན་ཡོད
རས་ཡོལ་སྟུག་པོ་དེ་ཕར་བསལ་བའི་དུས་སུ
མེ་ལོང་གི་དབུས་ན་ང་ཡི་བརྩེ་བ་འགུལ་ཅིང
གསེར་གྱི་སྒྲུབ་ཕུག་བཞིན་མཛེས་པའི་སྙིང་གི་དཀྱིལ་ན
སྒྱུ་མ་ལྟར་འཆར་ཞིང་སྒྱུ་མ་བཞིན་ཡལ་བའི་མི་ཚེ་ནི
སྲོག་གི་ཉག་ཐག་ཕྲ་མོ་དེ་དང་སྦྲེལ་ནས་ཡོད
ཤུགས་དང་ཅར་གྱིས་མནན་པའི་ཉིན་མཚན་དག་ལ
ངའི་ཕོར་ཁ་ན་ལུད་པའི་སྐར་མ་རེ་རེ་ནི
ཁྱོད་ཀྱི་ནམ་མཁའ་དེའི་འོད་ཟེར་ཡིན་ཞིང
ཡང་ན ཆར་བ་བབས་ཤུལ་གྱི་འཇའ་ཚོན་ཡིན
རི་རྩེ་ན་འཁྲིལ་བའི་སྨུག་པ་བན་བུན་དགུང་དུ་ཡལ་རྗེས
ང་ནི་ཐག་རིང་ལ་ཆས་པའི་སྤྲིན་པ་དེ་ཡིན་ནམ
ཁུ་སིམ་མེར་མེ་ཏོག་གི་གྲིབ་བསིལ་དུ་བསྐུངས་པའི་བུང་བ་ཡིན
སེན་བཏོགས་ཙམ་གྱིས་དཀྲོགས་འགྲོ་བའི་ཉི་མ་འདི་དག་ལ
རྭ་ཅོ་གཡུག་གཡུག་བྱེད་པའི་འབྲོང་རྒོད་ཚོའི་གཤར་ལམ་ན
རས་ཡོལ་ཁྲ་ཁྲ་ཞིག་དང་འཁྲུལ་འགྲོ་བའི་དུས་ཚོད་ཀྱིས
ཡོངས་སུ་བཏུལ་ཅིང་སྨིན་པའི་གཡུང་མོ་བ་ག་ཙམ་བསླུས་འདུག
འཇིགས་སྣང་གི་གློག་བརྙན་སེར་པོ་དེ་དང་འདྲ་བར
ཤ་པགས་ཀྱི་གསེབ་ན་འཕག་འཚག་བྱེད་གྱིན
གཏན་ཚིགས་ཀྱིས་གཅུན་པའི་དབུགས་རྒོད་འདི
ག་དུས་ཤིག་ལ་གཙང་བོ་ཞིག་ཏུ་གྱུར་ནས
ཤང་ཤང་འབབ་པའི་གླུ་སྒྲ་དེ་སྙན་ངག་ཅིག་ཏུ་གྱུར་ན
ཁྱོད་ཀྱི་མིག་གི་སྐོམ་པ་མཐའ་དག་སེལ་ངེས
ཉི་འོད་མེད་སའི་མུན་པ་དེ་ནི་ཁྱོད་ཀྱི་སྐད་ཆ་ཡིན་ཞིང
དུག་སྦྲང་གི་གཤོག་པ་ལྷུང་སའི་བར་སྣང་ནི་ངའི་རྣ་བ་ཡིན
རིམ་གྱིས་རིམ་གྱིས ཡུན་གྱིས་ཡུན་གྱིས
ཁྱོད་ཀྱི་ཁ་གཏད་དུ་འགྲེངས་ནས་བལྟས་ན
ཤམ་གོས་ནག་པོ་གྱོན་པ་ལྟ་བུའི་འུ་གཉིས་ཀྱི་བར་ཐག་ན
རྒྱ་ཆད་ཅིང་ཕྱོགས་སུ་ལྷུང་བའི་རྡོ་བ་ལེབ་མོ་ཞིག
བསྒུལ་ཀྱང་སྒུལ་མི་ཐུབ་པའི་གཏིང་སར་བྱིངས་ཚར་བས
ང་ལ་སྒོ་མོ་ཟེར་བ་ཞིག་གཏན་ནས་མེད་འགྲོ
ཉིན་འགའི་སྔོན་ལ ཁྱོད་ཀྱི
ཤ་ཚིལ་དང་སྙིང་ཚིལ་ཁུར་བའི་བརྡ་འཕྲིན་དེ་ཡིས
འཇིག་རྟེན་གཅེར་བུར་ཕུད་ཅིང
དམར་ཧྲེང་ཧྲེང་གི་སྐྱེས་དངོས་ཡོད་ཚད་ཀྱི་མཛེས་པ་ནི
ངའི་སེམས་སུ་བླུགས་ནས་རི་མོ་མང་པོ་འབྲི་དུས
ང་ཡི་རྟོག་ངོར་དུག་སྦྲུལ་ཞིག་གིས་མཇུག་མ་གཡོབ་གིན་འོང
སྔས་འབོལ་གྱི་སྟེང་ན་མངོན་པའི་མྱ་ངམ་ཐང་དེ
འགྲམ་པའི་དཀྱིལ་ལ་ལྷན་པ་བཞིན་འབྱར་ནས
མི་རབས་མང་པོའི་སེམས་ཆུ་ཁོང་དུ་བྱེར་ཅིང
ལོགས་སུ་སྐྱེས་པའི་ལྗོན་པ་དང་དེའི་ལྗང་མདོག་ལ་བལྟས་ཏེ
དབང་པོ་ལྔས་གཙུབ་བརྡར་གྱི་རིམ་པ་ཐ་གུ་ལྟར་བསྒྲིལ
ས་སྲོད་དང་ཞོགས་པ་དག་ནི་ཐག་ཁུག་གཅིག་ཏུ་སྣང་ཞིང
ཐག་སྣེ་རབ་རིབ་དང་ལྗན་ལྗིན་གྱིས་ཁེབས་པའི་རྨི་ལམ་འདི་ན
ང་ལ་མེས་པོ་ཡོད ང་ལ་དཀོན་མཆོག་ཡོད
ད་དུང དུས་ཚོད་ཁ་ཤོས་དང་དེ་ཡི་ནང་དུ
ཀུན་རྫོབ་ཀྱི་ཐ་སྙད་དག་ཁྲག་ལ་བསྒྲེས་པའི་སྟོང་པ་ཉིད་དེ་ཡོད་པས
ང་ནི་གཞི་ནས་ཧྲུལ་བོར་གྱུར་ཞིང
ཁ་ནང་དུ་ཕྱོགས་པའི་རིག་པ་ཀུན་ངུ་བྲོ་བའི་དབྱིངས་སུ་འཐིམས་
རྩོམ་ཁུངས། ངེད་དྲ་བ།