ས་ཡོམ་གོད་ཆག་ཁྲོད་ཀྱི་འདས་གསོན་སྤུན་ཟླ་ཕོ་མོ་ཚོར་མྱ་ངན་ཞུ་བ།
བོད་ཁ་བ་རི་པའི་ལས་ངན་ལ་བསམ་ཚེ།།
དུས་དེ་རིང་དྭངས་ཡང་སང་ཉིན་དེ་འཐིབས་འོང་།།
སྐྱབས་མགོན་མེད་གཞིས་བཞུགས་བོད་མི་ལ་བསམ་ཚེ།།
དུས་འབྱུང་བཞི་རབ་འཁྲུག་བར་ཆད་ཀྱིས་ཟིན་འདུག།
གནམ་སྔོན་པོ་ཡར་ལ་ལྷ་བླ་ཞིག་མཆིས་ཚེ།།
ངའི་རིགས་མཐུན་སྤུན་ཟླར་དགོངས་བཞེས་རེ་གནང་ནས།།
ཚེ་འཆི་ཁའི་ལམ་ནས་ལག་གདང་གིས་འདྲེན་རོགས།།
དམུ་ཐག་པས་འཐེན་ནས་ཐར་ལམ་ལ་འཁྲིད་རོགས།།
མ་ཨ་ཕ་བྲལ་བའི་བོད་ཕྲུག་ལ་བསམ་ཚེ།།
རང་གློ་སྙིང་བྲང་གསུམ་ན་ཟུག་དེ་ཆེ་ཡང་།།
རྐྱེན་གེགས་བར་ཞི་བའི་སྨོན་ལམ་གྱི་ཞལ་འདེབས།།
ཡུལ་འཕགས་ཡུལ་གླིང་ནས་ཕུལ་བ་དེ་སྒྲུབ་ཤོག།
ནག་སྐྲ་ལོ་ཁ་བས་གཡོགས་པ་ཚོར་བསམ་ཚེ།།
སྡུག་མ་མྱངས་དགུ་མྱངས་ཚེ་མཇུག་དེར་མྱངས་འདུག།
གཉེན་བུ་ཕྲུག་བྲལ་བའི་གཅོང་སེམས་ཀྱི་ནད་གཞི།།
རྗེ་ལྷ་རྗེ་ཡོད་ན་མྱུར་དུ་རང་བཅོས་རོགས།།
ཕ་ས་ཁང་བརླག་པའི་སྤུན་ཟླ་ཚོར་བསམ་ཚེ།།
མལ་དྲོན་པོ་ཟ་བཏུང་བཀོལ་སྤྱོད་དེ་བོར་བའི།།
སེམས་དུ་ཁས་མནར་བའི་མྱ་ངན་གྱི་སྨུག་པ།།
དུས་སྐད་ཅིག་ཉིད་ལ་ལྷ་སྲུང་གིས་སེལ་རོགས།།
གྲང་ལྟོགས་སྐོམ་འཁྱག་གསུམ་བཟོད་མེད་ཀྱི་དཀའ་ཚེགས།།
དུས་ད་ལྟ་སེལ་ནས་དགའ་སྐྱིད་ཀྱི་དཔལ་ཡོན།།
སྡུག་ཁུར་པོས་གནོན་པའི་སྤུན་ཟླ་དེ་རྣམས་ལ།།
ཤར་ཉི་གཞོན་བཞིན་དུ་ལ་མོ་རུ་འཆར་ཤོག།
སྙིང་དམར་ཆུང་བྱུ་རུའི་གུར་ཁང་ལས་ཆས་པའི།།
སེམས་བཅོས་མེད་སྨོན་ལམ་དྭངས་མ་ཡི་འབྲས་བུ།།
ཁྱེད་སྤུན་ཟླའི་དཔག་བསམ་ལྗོན་ཤིང་གི་རྩེར་མོར།།
དུས་མི་རིང་སྨིན་ལ་ལྷ་ཚོགས་ཀྱིས་གཟིགས་རོགས།།
ཡུལ་ས་མཐའ་འགྲིམ་མཁན་བུ་མོ་ངས་ད་བར།།
ལས་བཟང་པོའི་དགེ་བ་ཅི་བསགས་ཀྱི་འབྲས་བུ།།
རིགས་རུས་རྒྱུད་གཅིག་པའི་སྤུན་ཟླ་ཡི་ཚོགས་ཀྱི།།
དོན་བར་ཆད་ཞི་བའི་གསོལ་འདེབས་སུ་བརྫངས་སོ།།
ངས་གོང་གི་ཚིགས་བཅད་འདི་དག་ཡིད་མ་སྐྱིད་པའི་ཚོར་སེམས་ཐད་ཀར་བྲིས་པ་ཡིན་པས། ཚིག་སྦྱོར་དང་རྒྱན་སྦྱོར་ལ་སྙན་ཆ་བྱུང་མ་སོང་ཡང་། སེམས་ཀྱི་སྨོན་ཚིག་འདི་སྤེལ་ནས་ས་ཡོམ་གོད་ཆག་ཁྲོད་ཀྱི་འདས་གསོན་སྤུན་ཟླ་ཕོ་མོ་ཚོར་མྱ་ངན་ཞུ་བ་ཡིན།
རྩོམ་ཁུངས། ངེད་དྲ་བ།