རྨ་འོད། ངའི་སྙན་ངག་ཅིག་ཁྱོད་ལ་གཡར།
སྐྲ་ལོ་རིང་བོ་རིང་བོ་ཞིག
ཕྱིང་ལྭ་གྱོན་པའི་མི་ཞིག་ང་ཡི་རྒྱང་རིང་ལ་བུད་སོང
ཉི་མ་གང་དུ་འགྲོ
མགྲོན་པོ་གང་དུ་འགྲོ
ཁྲུང་ཁྲུང་དཀར་མོའི་གཤོག་པ
མེ་ཏོག་ཚལ་ནས་མེ་ཡིས་ཚིག་པ་བདེན་ནམ
ཕྱེ་མ་ལེབ་ཀྱི་གཤོག་པས
སྟོན་མཇུག་གི་སྐབས་དེར་རོ་ལངས་རྒྱག་ཨེ་སྲིད
ལྷམ་མེད་པའི་རྐང་བ
སྒོ་མོ་བདུང་བྱེད་ཀྱི་ལག་པ
སྨྱུ་གུ་ཞིག་བཙའ་ཡིས་ཟིན
སྣག་ཚ་ཞིག་འོད་ཀྱིས་སྐམ
ཤོག་བུའི་ཐང་ནས་ཁྱོད་རང་ལམ་ལ་བུད
གསང་བ་ཆུན་པོར་འབར་བྱེད་ཀྱི་མེ་ལྕེ
མེ་ལྕེ་དེ་དྲག་ཏུ་མ་འབར་བའི་ད་ལྟ
ཁྱོད་དང་ཁྱོད་ལྟ་བུ་ལ་ངའི་སྙན་ངག་རེ་གཡར
སྤྱི་ལོ༢༠༠༩ལོའི་ཟླ༡༠པའི་ཚེས༡༥ཉིན་ཕ་ཡུལ་ནས།
རྩོམ་ཁུངས། ངེད་དྲ་བ།