ཞིང་གྲོང་གི་དབྱར་ཁ།
གཞོན་ནུ་མའི་མིག་ཀོང་ལས་འཛུམ་པའི་མིག་ཆུ་ལྟར།
འོད་ལམ་ལམ་དུ་འཚེར་བའི་ཟིལ་ཐིགས་དག
བསིལ་རླུང་གི་རོལ་སྒེག་ལ་རྩེན་ཞིང༌།
ཞོགས་དུས་ཀྱི་ཁོར་ཡུག་གང་སར་འདར་ལྕུག་ལྕུག་གིས་འཚོ།
ནངས་སྔ་མོར་གྲགས་པའི་ཅོ་ཀའི་མགྲིན་གླུ་དེས།
བསིལ་ཆས་སྤྲས་པའི་བུ་དང་བུ་མོ་ཚོ།
ལོ་ཏོག་གི་སྤྱི་གླིང་ནང༌། རླུང་བུ་བཞིན་འདེད་ནས།
རྩྭ་ལྡུམ་དང་ཡུག་པོའི་ཁྲོད། དཔུང་ཚོགས་ལྟར་བཏེགས།
རྐ་ནང་དུ་རྒྱུགས་པའི་ཆུ་ཕྲན་གྱི་འཇམ་ཤས།
ཉིན་གང་གི་རྔུལ་དྲི་དང་ངལ་དུབ་རྣམས།
གཙང་དག་ཡང་དག་ཏུ་བཀྲུས་ཤིང༌།
བྲེལ་རྟབ་དང་བསམ་ཡན་ཡང༌།
ན་བུན་ལྟར་སྐྱ་སིང་ངེར་ཡལ།
སྐབས་ལ་ལར། ཉི་འོད་དང་ཆུ་འཛིན་གྱི་བརྩེ་གཤིན་འོག
སྦྲང་ཆར་གྱི་རྐང་བྲོ་ས་གཞིའི་བྲང་ཁོག་རུ་འཁྲབ་དུས།
མེ་ཏོག་དང་རྩྭ་ལྗང་གི་རྨི་ལམ་དུ།
རྒན་རབས་ཚོས་བཞུད་ཟིན་པའི་ལང་ཚོ་སྨིན་མར།
ཕྱིར་མིག་གི་དྲན་ཤིང་འཇོག
ཕྱི་དྲོའི་དུས་སུ། མཛེས་སྡུག་གིས་སྒུལ་བའི་འཇའ་ཚོན་ཞིག
བར་སྣང་གི་སོར་གདུབ་ལྟར་འོད་སྒོར་རེར་འཁྱིལ་དུས།
བྱིས་པའི་དགོད་སྒྲ་དང་རྫི་གླིང་གི་དབྱངས་རྟས།
ཞིང་གྲོང་གི་དབྱར་ཁ། སྒྱུ་རྩལ་གྱི་པིར་རྩེར་འཕགས།
རྩོམ་ཁུངས། ངེད་དྲ་བ།