ནང་གི་མཐོང་སྣང་།
ཕྱི་ཡི་ལག་པ་གཟུགས་མེད་མས།།
མུན་པའི་རྩིག་པ་འདི་བརྩིགས་ནས།།
ཕྱི་རོལ་མཐོང་བའི་མིག་གཅིག་པོ།།
ཡང་ནས་ཡང་དུ་བསྒྲིབས་ནའང་།།
ནང་གི་སྦྲང་ཆར་བསིལ་མ་འདི།།
དར་ཟབ་འཇམ་པོའི་གོས་བཞིན་དུ།།
སེམས་ཀྱི་ཁྱེའུར་བཀླུབས་པ་ཡིས།།
སྐྱིད་པའི་ཡུལ་ཞིག་གསལ་ལེར་མཐོང་།།
གངས་རྒྱན་ཟིལ་བའི་གོས་ཅན་མ།།
གངས་དཀར་ཏི་སེའི་རྩེར་བཞད་པས།།
གངས་ཐང་འགྲིམ་པའི་ཡུལ་གྱར་བས།།
གངས་རིའི་རྨི་ལམ་སླར་ཡང་མཇལ།།
གྱ་གྱུར་འཐེན་པའི་མི་ཚེའི་ལམ།།
རླབས་ཀྱི་ང་རོ་འདིས་མཚོན་པས།།
གཟིངས་མཁན་བདག་ནི་ཕྱི་ཕྱིར་ལ།།
ལྡོག་པའི་དུས་ནི་གཏན་མ་མཆིས།།
དེ་ཕྱིར་དམ་ཚིག་རྡོ་རྗེའི་བཀའ།།
ཡིད་ལ་སྦྲུམ་པའི་བུ་ཆུང་བཞིན།།
གཅེས་པར་བསྐྱངས་པ་འདི་ཉིད་ལས།།
མཆོད་པའི་གཙང་ཆབ་གཞན་མ་བསྐྱིལ།།
རང་བཞིན་གཤིས་ལས་མ་སྐྱེས་པ།།
སྒྱུ་མའི་ཆོ་འཕྲུལ་འདི་ཉིད་དེ།།
ཤིན་ཏུ་ཆེ་བའི་མིག་དར་བཞིན།།
མཁའ་ཡི་མཐོངས་ཀྱང་ཁེབས་ནའང་།།
སྐྱིད་པའི་ཉི་མ་གསར་བའི་ལུས།།
སེམས་ཀྱི་རྒྱང་མཐོང་འདིས་ཟིན་པས།།
འོད་ཀྱིས་བཏུམས་པའི་ལང་ཚོའི་ལུས།།
མུན་པ་ལ་ནི་འཇིགས་མ་ཡིན།།
༢༠༡༠ ༣ ༡༡ཉིན་རྨ་ཆུ་ནས་བྲིས།
རྩོམ་ཁུངས། ངེད་དྲ་བ།