གྲང་རླུང་ཤུར་ཤུར་ལྡང་བའི་དགུན་གཞུང་ཞིག །
ཁ་བ་ལྷབ་ལྷབ་འབབ་པའི་དགུན་གཞུང་ཞིག །
སློབ་གྲྭར་དགོངས་པ་ཞུས་པའི་དགུན་གཞུང་ཞིག །
མི་ཚེའི་རྒྱང་བཞུད་ཐོག་མའི་དགུན་གཞུང་ཞིག །
སྣ་ཁྲག་འཛད་མེད་བཞུར་བའི་དགུན་གཞུང་ཞིག །
ལྷ་རྗེ་འུ་ཐུག་བཟོས་པའི་དགུང་གཞུང་ཞིག །
ཁྲག་སྨན་རྩམ་པ་ལྟར་ཟོས་དགུན་གཞུང་ཞིག །
ཁྲག་འཛད་ལུས་པོ་སྐམ་པའི་དགུན་གཞུང་ཞིག །
དེ་འདྲའི་དགུན་གཞུང་ཞིག་གི་ཞོགས་པ་རུ། །
བདག་ནི་དྲིན་ཅན་ཕ་མས་གཉིད་ལས་བསླངས། །
ཆུ་འཁྱག་ཅིག་གིས་གདོང་པ་རོབ་ཙམ་བཀྲུས། །
རྩམ་པ་ཞིག་གིས་ཞོགས་ཇའི་གོ་ཡང་བཅད། །
དྲིན་ཅན་ཨ་མའི་སྨོན་ལམ་དཀར་པོའི་ཁྲོད། །
ཕུ་བོ་ངེད་གཉིས་རྟ་རྒན་ཉིས་འཕོང་བྱས། །
ཕ་རྒན་ལགས་ཀྱིས་ད་ནི་འགྲོ་འོ་ཟེར། །
རུ་སྡེ་གཉིད་དུ་ཡུར་བའི་འདབས་ནས་ཆས། །
འདི་ལོའི་འབྲོག་ཐང་འདི་ཡི་གསར་འགྱུར་ཏེ། །
པཎ་ཆེན་ཐམས་ཅད་མཁྱེན་པ་རྩེ་གཞུང་དུ། །
ཐོག་མར་ཕེབས་ཀྱི་ཡོད་པ་རེད་ཅེས་པའི། །
གཏམ་འདི་འབྲོག་རྒན་དག་གིས་ཕན་ཚུན་སྒྲོག །
ཐོ་རེངས་གྲང་རླུང་ངར་མའི་ཁ་སྒོ་ནས། །
ངེད་ཅག་འབྲོག་པ་རྒན་གཞོན་བཅུ་གཅིག་ཙམ། །
རྒྱང་རིང་ཤར་ཕྱོགས་ཤིག་ཏུ་ཡོད་གྲགས་པའི། །
རྩེ་གཞུང་སྐྱིད་པའི་སྨན་ལྗོངས་ཕྱོགས་སུ་ཆས། །
ཉིན་གང་ངལ་བ་སྤངས་ཏེ་བཞུད་པའི་རྗེས། །
རི་ཁྲོད་ཅིག་ཏུ་ཐབ་རྡོ་གསུམ་བཙུགས་ནས། །
ལྕི་བ་སྐམ་པོ་བཏུས་ཏེ་མེ་ཞིག་སྦར། །
མི་ཚེའི་ནང་གི་རི་ཇ་ཐོག་མ་བཏུངས། །
ནམ་མཁའི་སྐར་ཚོགས་འོག་ནས་ཉལ་བ་ན། །
རྒྱང་རིང་རྫི་བོའི་ལ་གཞས་རྣ་བར་ལྷུང་། །
སྨིན་དྲུག་ཁྲ་མོ་ངེད་གཉིས་རྨི་ལམ་ནང་། །
རྩ་བའི་བླ་མ་མཇལ་བར་མཉམ་དུ་སོང་། །
རྟ་རྒན་ཡམ་མེ་ཡོམ་མེ་འདུར་རྒྱུག་གིས། །
སྣ་ཁྲག་དམར་པོས་ལམ་རིང་ས་གཞི་བརླན། །
ལན་རེར་སྣ་ཁུང་ནང་དུ་བལ་རྡོག་བརྫངས། །
སྐབས་རེར་རྟ་ལས་བབས་ནས་སྨན་ཁབ་བརྒྱབ། །
ཕྱི་ཉིན་སྔ་མོར་ཇ་རྩམ་བཟའ་བཏུང་རྗེས། །
ཉིན་ཕྱེད་བར་དུ་བགྲོད་པའི་རྩྭ་ཐང་དུ། །
ཁོ་བོས་ང་རང་འདི་རུ་གནས་སྐབས་སུ། །
སྡོད་པར་སྤྲོ་ཞེས་སྔ་མའི་བག་ཆགས་སད། །
དེ་ནས་ཡང་སྐྱར་ལམ་ལ་ཆས་བྱས་ཏེ། །
ཉིན་གཉིས་བགྲོད་པའི་དགོང་ཁའི་མཚམས་སྤྲིན་དབུས། །
རྩེ་གཞུང་སྐྱིད་པའི་སྨན་ལྗོངས་མཐོང་བ་ཡི། །
རི་ཁྲོད་ཅིག་ཏུ་མཐའ་མའི་རི་ཉལ་བྱས། །
ཕྱི་ཉིན་བྱ་དུར་ཐང་དུ་གྲགས་པ་ཡི། །
ན་སྤང་བརྒལ་བར་དཀའ་བ་བགྲོད་བྱས་ཏེ། །
རྩེ་གཞུང་སྐྱིད་པའི་སྨན་རྫོང་ལ་བསླེབས་དུས། །
མཇལ་བའི་རྐང་རྡུལ་འཁྲིག་པས་ཉི་འོད་བསྒྲིབས། །
དེ་རུ་ཉིན་གཉིས་བསྡད་པའི་ཕྱི་ཉིན་དུ། །
མདོ་སྨད་རིག་པ་འབྱུང་བའི་གྲོང་ཁྱེར་ཏེ། །
རེ་སྐོང་ཕྱོགས་སུ་རླངས་པའི་འཁོར་ལོ་རུ། །
ཞུགས་ཏེ་སྐྱིད་པའི་ལ་ལུང་བརྒལ་ནས་བསྐྱོད། །
ཕྱི་མའི་གདུགས་དེར་སྐལ་ལྡན་རྒྱ་མཚོ་ཞེས། །
སྙིགས་མའི་དུས་ཀྱི་མི་ལ་གཉིས་པ་ཡི། །
གདན་ས་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་། །
འདྲེན་བྱེད་ཟུང་གི་དགའ་སྟོན་ཉིད་དུ་སྨིན། །
ཕྱི་ཉིན་ཚེ་རབས་བསགས་པའི་དགེ་ཚོགས་ཀྱི། །
འབྲས་བུ་བཟང་པོ་དུས་སུ་སྨིན་པ་སྟེ། །
བདེ་ཆེན་ཞིང་མགོན་འོད་དཔག་མེད་པ་ཉིད། །
མི་ཡི་ཟོལ་འཛིན་པཎ་ཆེན་མཆོག་ལ་མཇལ། །
བུ་ངའི་ཚོགས་དྲུག་དད་པས་རབ་དཀྲིགས་ཏེ། །
གསེར་མདོག་འོད་ཀྱི་ཕུང་བོ་འབའ་ཞིག་ལས། །
ཐ་མལ་མི་ཡི་གཟུགས་ཤིག་མ་མཇལ་བས། །
ཡང་ཡང་ཕྱི་མིག་འཕངས་པ་ད་དུང་དྲན། །
མགོན་པོ་གང་གི་ཞལ་བཟང་ལས་འོངས་པའི། །
ཚེ་དཔག་མེད་མགོན་ཚེ་དབང་ཟབ་མོ་དང་། །
སྐྱབས་ཡུལ་ཞིང་དུ་སྐྱབས་འགྲོའི་བཟླས་ལུང་སོགས། །
ཚེ་འདིའི་སངས་རྒྱས་ཆོས་ཀྱི་ཐོག་མ་ཞུས། །
དེ་ནས་བཟུང་སྟེ་མགོན་པོ་ཁྱེད་ཉིད་ཀྱི། །
ཐུགས་རྗེའི་བྱིན་ཆེན་སྙིང་ལ་རབ་སིམ་པས། །
ནམ་ཡང་ཁྱེད་ཉིད་སྣང་མཐའི་མགོན་པོ་དང་། །
ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དྲན། །
དེ་ནས་བཟུང་སྟེ་ལོ་ངོ་མང་པོའི་རིང་། །
ཆོད་དཀའི་སྣ་ཁྲག་བཞུར་བའི་ནད་ངན་ཡང་། །
ཇི་ལྟར་ཉི་ཤར་མུན་པ་སངས་པ་བཞིན། །
དམིགས་མེད་དབྱིངས་སུ་ལུས་མེད་རང་ལ་ཐིམ། །
མགོན་ཁྱེད་གངས་ལྗོངས་ཆོལ་གསུམ་ཞབས་བཅགས་ཏེ། །
ཆོས་དཔལ་རིག་གསུམ་ཉམས་པ་སོར་ཆུད་དང་། །
མི་ཉམས་གོང་འཕེལ་རྣམ་དཀར་མཛད་བཟང་འདི། །
དྲན་བཞིན་དད་པའི་མཆི་མས་རྟག་ཏུ་བཞུར། །
གང་གི་སྐུ་སྲོག་ཚུན་ཆད་བློས་བཏང་སྟེ། །
གངས་ལྗོངས་བསྟན་འགྲོའི་བདེ་ཐབས་བསྲུངས་པ་ཡི། །
རླབས་ཆེན་མཛད་པའི་རི་མོ་བདག་ཡིད་ཀྱི། །
རྡོ་ལ་བསྐལ་པའི་བར་དུ་ཟབ་མོར་བརྐོས། །
ཞིང་འདིའི་གདུལ་བྱ་རྫོགས་པའི་ཚུལ་བསྟན་དུས། །
གང་སྐུའི་མཚལ་གྱི་ཐིགས་པའི་ཟེགས་མ་ཙམ། །
ཉམ་ཆུང་ཁོ་བོའི་སྐལ་བར་སྨིན་པ་ཡིས། །
མགོན་ཁྱེད་དག་པའི་སྣང་བར་ལན་གཅིག་མཇལ། །
དེང་ནས་མགོན་ཁྱེད་ཉིན་མཚན་དུས་དྲུག་ཏུ། །
སྙིང་གི་དཔལ་བེའུར་བསྲེལ་བའི་དད་དམ་དང་། །
མ་འོངས་ཚེ་འདིའི་སྣང་བ་ནུབ་མ་ཐག །
ཁྱེད་དྲུང་བདེ་ལྡན་ཞིང་དུ་སྐྱེ་བར་སྨོན། །
ཞེས་པ་འདི་ཡང་མགོན་པོ་གང་གི་ཐུགས་རྗེས་བོད་གངས་ཅན་པའི་ཆོས་རིག་སྲིད་གསུམ་ལ་སེམས་པ་ཅུང་ཟད་གཡོ་བའི་དམན་པ་བདག་གིས་འདི་ག་ཨ་རིའི་ནམ་གུང་གི་ཆུ་ཚོད་གཉིས་དང་སྐར་མ་བཅུ་གཅིག་སྟེང་སྙན་ངག་གི་ཚིག་རྒྱན་གྱིས་མ་སྤྲས་པར་དད་གུས་གཡོ་བ་མེད་པའི་སྒོ་ནས་བྲིས་པའོ།།
རྩོམ་ཁུངས། ངེད་དྲ་བ།