གཉིད་ལོག་བརྒྱབ་རྗེས།
གཉིད་ལོག་རྒྱབ་རྗེས རྣམ་རིག་ཞོགས་པའི་བྱེའུ་བཞིན
ཉེ་འཁོར་གྱི་སྣང་ཚུལ་གང་མང་ལ་འདང་རྒྱག་འཁོར་བས
གླུ་གཞས་གང་ཡིན་ཞིག་གི་བརྗོད་གཞི་བཙལ
འགྲེ་ལྡོག་ཡང་ཡང་རྒྱག་བཞིན
གླུ་སྐད་རླུང་གིས་ཁུར་བའི་གཏམ་རྒྱུད་དང
ཡུལ་མིས་ཡུམ་སྐད་དོར་བའི་གོད་ཆག་དྲན
གཡོ་སྒྱུའི་ལག་གདུབ་ཀྱིས་བརྩེ་དུང་དང་མི་གཞི་བསླུ་བའི་དེ་རིང
ཡོད་ཚད་རང་གི་ཨམ་ཕྲག་ཏུ་འཇུག་པའི་སྒེར་ཚུགས་ལ་བྲེད་ཁ་ལངས
མདོར་ན ཐམས་ཅད་རང་གི་ལག་ནང་ནས་འཆོར་གྱིན་པའི་ཕམ་ཉེས་བསམ་ཞིང
དྲན་གདུང་གི་སེམས་པ་མང་པོ་རྩིས་ལ་འགོད་བཞིན
རང་སྣང་འདྲེན་པའི་རྨི་ལམ་ཞིག་ལ་གཡབ་མོ་བྱས
འོན་ཀྱང ཆུང་མ་མེད་པའི་ཉལ་ཁྲི་སྟོང་བ་འདི་རུ
གཉིད་ལོག་རྒྱབ་རྗེས་ཀྱི་མཚན་ནམ་ལྷག་པར་རིང་ལ
ཕྱི་རོལ་གྱི་གྲགས་འགུལ་གསལ་དྲགས་པས
ཐ་ན ཁྱིམ་མཚེས་ཀྱི་སྔུར་དབྱངས་དེ་ཡང
སྲིད་ཁྲིམས་ཤིག་གི་རྔམ་ཤུགས་བཞིན
རྣ་བར་གཟན་ལ་འཇིགས་སྣང་སློང
དོན་ངོ་མར ང་ཚོ་ཚང་མར་གཉིད་པའི་ཁོམ་པ་མེད་ལ་གཉིད་ཀྱང་མི་ཉན་ཨང
༢༠༠༩.༡༠.༢༧
རྩོམ་ཁུངས། ངེད་དྲ་བ།