མི་རྟག་ལུས་ཀྱི་མྱོང་བྱང༌།
ཨུ་ཤུའི་སྒྲ་དབྱངས་འཇིག་རྟེན་ཁམས་ལ་ཤོར།།
ཡི་གེ་དྲུག་མ་ཕྱི་མའི་ཡུལ་དུ་བསྲིངས།།
ཤ་རྡུལ་རུས་རྡུལ་ཚོགས་པའི་གོང་བུ་འདི།།
ཡང་བསྐྱར་བརྗེས་པ་དངོས་བོའི་ཆོས་ཉིད་ཅིག།
གོང་ནས་ལྕགས་ཀྱི་ཨ་ལོང་གཉའ་རུ་བབས།།
གཤམ་ནས་འཁྱག་དར་འཕངས་ནས་རྐང་བ་ཕྱིད།།
ཤ་དང་ཁྲག་གིས་གྲུབ་པའི་ལུས་པོ་འདིས།།
ཇི་ལྟར་མྱངས་པ་སེམས་ཀྱིས་དེ་ལྟར་མྱངས།།
གངས་ཀྱི་འདབས་ནས་སྤྲང་དཀར་རྩམ་པ་བསླངས།།
གཙང་བོའི་འགྲམ་ནས་མེ་ཕུང་ལན་གཅིག་བརྒྱབ།།
སྟོན་གྱི་འདབ་ལོ་ལྟ་བུའི་ལུས་པོ་འདི།།
དགུན་གྱི་འཁྱག་རླུང་ཁྲོད་ནས་རང་སར་འཁུམ།།
སྟེང་དུ་རས་རྐྱང་དམར་བོའི་རྟགས་མཚན་ཞིག།
ནང་ན་ཀུན་དང་མཚུངས་པའི་དབུགས་རྒྱུ་ཞིག།
ས་མཐའི་གྲང་རེག་རྒུམ་པའི་ལུས་པོ་འདི།།
མྱ་ངན་ཁ་སྤུ་ནག་པོས་ཡོངས་སུ་ཁེབས།།
ཞོགས་པའི་ཉི་འོད་ལྡེས་ཏེ་དྲོད་ཁོལ་བཙལ།།
ཕྱི་དྲོའི་མུན་པར་སྐྲག་ནས་ཐབ་རྩར་བསྙེས།།
འགྱུར་བག་ཧ་ཅང་སྐྲག་ནས་ཐབ་རྩར་བསྙེས།།
འགྱུར་བག་ཧ་ཅང་རྒོད་པའི་ལུས་པོ་འདི།།
ནམ་ཞིག་རང་གིས་རྨེག་མེད་གཏང་བར་ངེས།།
ལན་རེར་སྤྲོ་བའི་རི་མོ་གདོང་ན་གསལ།།
སྐབས་རེར་ཁྲོས་པའི་སྟངས་ཀའང་གདོང་ན་མངོན།།
རྣམ་རྟོག་བརྒྱ་ཡིས་ཟིན་པའི་ལུས་པོ་འདི།།
དབེན་པའི་ལུང་ཁུགས་ཤིག་ནས་འདི་ལྟར་རྒས།།
ཞིམ་མངར་ཟས་ཀྱི་དྭངས་མ་ཁྱོད་འཐིམ་ཡང༌།།
མི་གཙང་བཤད་གཅི་འཛད་མེད་ཁྱོད་ལས་འཛག།
གཞན་གྱི་དབང་དུ་སོང་བའི་ལུས་པོ་འདི།།
ཉག་གའི་དར་ལྕོག་ཇི་བཞིན་རླུང་རྩེར་བསྐྱོན།།
གཞོན་དུས་ལང་ཚོའི་འདབ་མ་ཧ་ཅང་མཉེན།།
རྒས་དུས་རུས་མགོ་དག་ནི་ཀུན་ནས་འབུར།།
སྐད་ཅིག་མི་རྟག་སེམས་རྟེན་ལུས་པོ་འདི།།
སྐྱེ་རྒུའི་སྡུག་བསྔལ་གསོན་པོའི་འོག་ཏུ་ཚུད།།
རྐང་བའི་སེར་ག་རྩུབ་མོའི་རྗེས་ཤུལ་དེ།།
སྟོད་ཀྱི་གངས་དང་སྨད་ཀྱི་མཚོ་ལ་འདྲེས།།
ཡུན་ཙམ་འདུག་དབང་མེད་པའི་ལུས་པོ་འདི།།
གཤིན་རྗེའི་ལས་མཁན་ཚོ་དང་ཡེ་ནས་མཐུན།།
འཁྱག་ན་བ་སྤུའི་རྩེ་མོ་མཐོ་ཞིང་གཟེངས།།
དྲོས་ན་རྔུལ་ཆུས་མནར་གཅོད་རྒྱུན་པར་གཏོང༌།།
དྲོས་འཁྱག་གཉིས་ཀྱིས་བཙུར་བའི་ལུས་པོ་འདི།།
སེམས་ཁམས་རྒྱལ་མོས་བཀོལ་བའི་ཚུལ་དེ་སྡུག།
དུར་རྡོ་དཀར་དམར་བཀྲམ་པའི་གཡུལ་ས་རུ།།
བྱ་རྒོད་བརྒྱ་ཕྲག་གཤོག་རྩལ་ཐེབས་པ་ཡི།།
ཡིད་ཀྱི་རྣམ་ཤེས་བོར་བའི་ལུས་པོ་འདི།།
འབྱུང་བཞིར་འཐིམ་པའི་ངེས་ཤེས་སུ་ཡིན་གནས།།
བྱང་གི་ལྷགས་རླུང་བཙན་པོ་ཁྱོད་ལ་འཐིམ།།
ནུབ་ཀྱི་མདའ་རྩེ་མང་བོའང་ཁྱོད་ལ་གཏད།།
ཤ་ཟད་རུས་ལ་ཐུག་པའི་ལུས་པོ་འདི།།
ག་དུས་བསྐྱུར་དགོས་ད་དུང་མ་རྟོགས་ལུས།།
དུས་ཀྱི་ཉི་འོད་འཕྲད་པས་བདེ་བར་འདོད།།
མུན་པའི་མཆེ་བ་མཐོང་བས་འཇིག་པར་སྐྲག།
ཆ་འཇོག་ཡིད་རྟོན་མེད་པའི་ལུས་པོ་འདི།།
ཉི་ནུབ་རེ་རེའི་བར་ནས་རྒས་པར་ཕྱོགས།།
ཁ་ཅིག་མཛེས་པའི་ཉམས་སྣང་རྩ་ནས་ཤར།།
ཁ་ཅིག་ཞེན་པ་ལོག་པའི་རྟགས་ཀྱང་སྟོན།།
ཁ་ཅིག་ཅི་ཡིན་མེད་པའི་ལུས་པོ་འདི།།
ཁ་ཅིག་ཁ་ནས་ཁ་ཅིག་སྤྲོད་པར་དོགས།།
ལྕགས་ཀྱི་མཆེ་བ་ཁྱོད་ཀྱི་སྟེང་ནས་འཁྲུངས།།
ཁྲག་གི་རླངས་བའང་ཁྱོད་ཀྱི་སྟེང་ནས་གཏིབས།།
རང་ལས་རང་ལ་ཕོག་པའི་ལུས་པོ་འདི།།
རྒྱ་རྙིའི་དྲ་རུ་ལྷུང་བ་ཡ་མཚར་མེད།།
རུས་པའི་ལྷུ་ལག་རྒྱས་པ་ཁྱོད་ཡིན་ལ།།
རྣག་གི་འཇིག་རྟེན་ཁྱོད་ལས་གཞན་དུ་མེད།།
མི་གཙང་རྫས་ཀྱིས་གང་བའི་ལུས་པོ་འདི།།
འདྲུད་པའི་རྣམ་ཤེས་ཧ་ཅང་ཉམ་ཐག་ཅིག།
རྫ་དང་གངས་ཀྱི་བར་གསེང་རེ་རེ་ཡི།།
གཡུལ་སའི་རོ་དང་མཚུངས་པའི་ལུས་པོ་དག།
ཆུ་རྡོ་སྔོན་མོའི་གྲངས་དང་མཉམ་མཐོང་བས།།
མཁའ་ལ་ཅེར་ཏེ་མགོ་བོ་ལག་པས་བསྡམས།།
རྣམ་ཤེས་རྒྱ་སྟག་ཕྲ་མོས་བཀོལ་བ་ཡི།།
ཤ་ཁྲག་རྣག་གིས་བརྟས་པའི་ཕུང་བོ་འདི།།
ཇི་ལྟར་བཀོལ་བ་ཇི་བཞིན་འགུལ་འགྱུར་བས།།
མི་རྟག་ལུས་ཀྱི་བཀོད་པ་ཅུང་ཙམ་གླེང༌།།
རྩོམ་ཁུངས། ངེད་དྲ་བ།