ཤོག་སྒོར་གྱི་ངོས་སུ་འབྱར་བའི་སྤྲུལ་སྐུ།
དང་པོ་སེམས་བསྐྱེད་དུས
བར་དུ་ཚོགས་བསགས་དུས
མཐའ་མར་སངས་རྒྱས་དུས
ཁྱོད་ནི་ཤོག་ངོས་སུ་འབྱར་བའི་ཨང་གི་ཞིག
༠༠༠སྟོངས་པས་ཆོས་སྐུ་ཞིག
༡༠༠༠༠༠ཡན་ཆད་ལ་འོད་ཟེར་གྱི་སྤྲོས་མ་ཆགས་པའི་ལོངས་སྐུ་ཞིག
༡༠༠༠༠༠༠ཡན་ཆད་ན་ཆོས་འཆད་ཀྱི་ཕྱག་རྒྱ་བསྣོལ་བའི་སྤྲུལ་སྐུ་ཞིག
དད་ལྡན་པ་དག་གི་མགོ་བོ་འཕྲེང་བས་བཙིར་ཅིང
མིག་གི་རྣོ་དང་རྣ་བའི་གཤོག་པ་ལ་དུང་དཀར་རེ་བྲིས་པས
ཁྱོད་ཀྱི་ཁྱིམ་གཞི་ནི་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་དེ་ཡིན
སྲས་དང་སྲས་མོ ཡབ་དང་ཡུམ་དག་ནི
བསོད་ནམས་ལས་བརྫུས་ཏེ་སྐྱེས་པའི་ཐེག་ཆེན་པ་ཤ་སྟག་ཅིག་ཡིན་པས
གཞན་གྱི་ལྟོ་བ་རུ་ཞི་མི་ནུས་པ་དག་ཞི་ཞིང
གཞན་གྱིས་འཛེམ་དོགས་བྱེད་པ་དག་སྒྲུབ་གིན་ཡོད
དག་སྣང་གི་དྲ་ཡོལ་འདིའི་ཕག་ནས
ཐེལ་ཙེ་དང་ཊམ་ཀ་ཅི་ཞིག་གི་ཆོས་འཁོར་བསྐོར་ནས
འོད་ཟེར་གྱི་སྟེང་དུ་འོད་ཟེར་འཕྲོ་དུས
བླུན་རྨོངས་པ་ངས་གཡས་སྐོར་བྱེད་དགོས་སམ་གཡོན་སྐོར་བྱེད་དགོས
གདུལ་བྱ་ཡིག་རྨོངས་པ་ངེད་ཚོ་ཡང་རྩིས་གཞི་ལ་མཁས་པ་ཞིག་ཡིན་ན
གྲངས་གནས་དྲུག་བཅུ་ཡན་ལ་བརྒལ་བའི་རྣམ་ཤེས་དག་ནི
ཤོག་ངོས་སུ་ཆུ་ལྟར་འཕྱོ་བའི་ཨང་ཀི་ཞིག་ཡིན་ཡང
འོལ་ཚོད་ཀྱིས་འཕོ་བ་བཏབ་པའི་ཨང་ཀི་ནི
དུད་འགྲོ་ལྟ་བུའི་སོ་སྐྱེས སྲིན་པོ་ལྟ་བུའི་དམ་ཉམས
ང་ལྟ་བུ་ཞིག་གིས་ཅི་ལྟར་གཞལ་ཐུབ
ཆོས་ཀུན་རྗེན་པར་གཟིགས་པའི་མངོན་མཁྱེན་དང་ཕྱག་མོ
མདའ་ལྟར་རྣོ་ཞིང ཐོག་ལྟར་ཚ་བ་དེ་ག་ལགས་ན
ངེད་ཚང་གི་མ་འོངས་པ་འདི ངེད་ཚང་གི་འདས་པ་འདི
ཤོག་སྒོར་ཞིག་ཡིན་ནམ རས་གདུགས་སེར་བོ་ཞིག་ཡིན
རྩོམ་ཁུངས། བོད་ཀྱི་སྙན་ངག་པའི་ཟིན་བྲིས།