༡མི་འགྲོག་མ་ཟེར་ཚེ་རིང་སྐྱིད།
ད་ནི་ཁྱོད་ཀྱི་ངོ་མ་རིག་པར་ལོ་མང་པོ་བྱིན་སོང
སྐད་ཆ་མ་བཤད་ཅིང་འཕྲིན་ཡིག་མ་བྲིས་པར་ལོ་མང་པོ་བྱིན་སོང
ལོ་མང་པོ་ཞིག་འགོར་བའི་དེ་རིང
ངས་ཡང་བསྐྱར་ཁྱོད་ཀྱི་མིང་ཡིག་གི་མགོ་རྐང་བསྒྲིགས་ནས
སྙན་ངག་ཡིན་མིན་གྱི ཡང་ན་བརྩེ་འཕྲིན་ཡིན་མིན་གྱི
རང་ཉིད་ཀྱི་སེམས་ཁ་གསོ་བྱེད་དེ་དག་ལ་བྲེལ་གྱིན་ཡོད
གྲོགས་པོ་ཚོས་ཚེ་སྐྱིད་ཅེས་པའི་བུ་མོ་ཁྱོད་འདྲི་དུས
ངས་གདོང་པ་དམར་ཁུལ་གྱིས་དེ་ནི་ཤི་མིང་ཞིག་ཡིན་ཚུལ་བཤད
ངས་ཁོ་མོ་འཇིག་རྟེན་འདི་དང་བྲལ་བར་བཤད
སྐྱེ་བ་གཞུག་མ་ཞེས་པའི་མགོ་གཡོག་བྱེད་ཅིག་ཡོད་ཚེ
ངས་ནི་དེ་ལ་སྨོན་ལམ་ལན་མང་འདེབས་དགོས་ཞེས་ཀྱང་བཤད་མྱོང
ཐེམ་ཆེན་གྱི་སྤང་ལྗོངས་ཆེ་བ་མ་ཟད བསིལ་རླུང་ཡང་འཇམ་པོ་ཡང་མོ་ཞིག་ཡིན
ད་ནི་ང་ལ་ཕྱི་མ་ཕྱི་མ་ཞེས་ཕ་རོལ་ཕ་རོལ་ཞིག་མི་སྟོན་རོགས
ད་ནི་ངའི་རྣམ་ཤེས་ཕྲ་མོ་ཡང་ཐེམ་ཆེན་གྱི་སྤང་གི་མེ་ཏོག་ལ་ཆགས་ཀྱིན་འདུག
རླུང་བུའི་ནང་གི་དྲི་བསུང་ལ་ཆགས་ཀྱིན་འདུག
༢ལ་གཞས
ཆུང་དུས་ནོར་ལུག་ལྷས་སུ་མ་བསྡུས་གོང
མཚམས་སྤྲིན་གྱི་གསེང་ནས་རྫི་གླུ་གྲགས་འོང
རླུང་བུ་བསིལ་མོ་རེ་ཡང་གདོང་ལ་ཕོག་འོང
རྒྱང་རིང་ནས་མཆེད་པའི་ལ་གཞས་དེས
ཨ་མར་ཡང་ས་སྒྱེད་འགྲམ་དུ་མགོ་སྒུར་ནས་ཨང་ཉན་བྱེད་དུ་འཇུག་སྲིད
ཨ་མས་གཞོན་དུས་ཀྱི་རྩེད་ར་དྲན་སྲིད རྩེད་རའི་ནང་གི་རྩེད་གྲོགས་དྲན་སྲིད
རྩེད་གྲོགས་ལག་གི་བྱུ་རུའི་ཕྲ་རྒྱན་གྱི་སོར་གདུབ་དྲན་སྲིད
ལ་གཞས་སྙན་མོ་དེའི་ཁུག་པ་རེ་ལ
བུ་ཆུང་རྟ་སྔོ་སྔོ་ཅན་གྱི་འདང་བརྩེའི་མེ་ཏོག་བཞད་ཡོད
བུ་མོ་གཉོམ་དུང་དུང་ཅན་གྱི་ཕྱི་ཐག་ཟད་པོ་ལུས་ཡོད
ལ་གཞས་དེ་ད་བར་ཡང་གོམ་པ་རྡོ་ལ་ཐོག་བྱེད་ཅིག
མགོ་རུམ་ལ་བསྡུས་ནས་མིག་ལམ་དུ་ཅི་ཞིག་དྲན་གསོ་བྱེད་ཅིག
སྤྲིན་པའི་ཕྱོགས་སུ་འགྲོ།
དྲོད་གྱི་ལེའི་ཉི་མའི་ཕྱོགས་སུ་འགྲོ
དཀར་ལྷེམ་ལྷེམ་གྱི་སྤྲིན་པའི་ཕྱོགས་སུ་འགྲོ
མུན་ནག་གི་ཀློང་དུ་ཟླ་བའི་ཕྱོགས་སུ་འགྲོ
ཟླ་བ་ལྷ་མོའི་མིག་ཟུང་དང་འདྲ་བའི་སྐར་ཚོགས་ཁྲི་འབུམ་གྱི་ཕྱོགས་སུ་འགྲོ
སྔོ་ལྡེམ་པའི་སྤང་ལྗོངས་སུ་རྟ་དང་ནོར་ལུག་གིས་མཆོངས་རྩེད་བྱེད
མེ་ལོང་འདྲ་བའི་འཇིག་རྟེན་གྱི་ལྷུམས་སུ་བུ་དང་བུ་མོས་མིག་འོད་ལ་མེ་སྟག་འཚུབ
ད་ནངས་ཀྱི་འཆར་ཀའི་ཟེར་མ་དག་མེ་ཏོག་གི་དཀྱིལ་དུ་ལྷུང
སྦྲང་མ་ཁྱུ་དང་ཁྱུས་གཟའ་སྐོར་ཡང་སྐོར་བརྒྱབ་ནས་མེ་ཏོག་གི་ཟེའུ་འབྲུར་སྣོམ་ཙམ་བྱེད
འདབ་མའི་སྟེང་གི་ཆུ་ཟིལ་གྱིས་ངག་མི་སྨྲ་བར་མིག་ཆུ་འབྱིད་མགོ་བརྩམས
འཇིག་རྟེན་ནི་མེ་ཏོག་བཞིན་དུ་མཛེས་པ་དང
མེ་ཏོག་ནི་ཁྱོད་ཀྱི་བཞིན་ཆུང་སྒོར་སྒོར་དང་འདྲ་བོ་འདུག
ངས་ནི་སྐལ་བ་སྟོང་ལ་ཡང་ཞེ་མཐུན་པའི་མི་དེ་རྙེད་ཐབས་བྲལ
ཨར་འདམ་གྱི་གསེང་དང་རི་བྲག་གི་ཁོང་དུ་བཙལ་བས་ཀྱང་རྙེད་ཐབས་བྲལ
ཞེ་མཐུན་པའི་མི་དེ་རྙེད་ཐབས་བྲལ
སུས་ང་ལ་སྙན་ངག་ཅིག་གཡར་དགོས་ཟེར་ན།
ཉིན་འདི་འགར་ལུས་ཕུང་བདེ་རྒྱུ་མེད་ལ
སེམས་ཁམས་ཀྱང་དབྱར་ལ་དྲོ་བའི་ཉི་མ་དང
དགུན་ལ་འཁྱག་པའི་ལྷགས་པ་ལྟ་བུས་མནར་ཏེ
ལུས་བདེ་སེམས་དྭངས་ཀྱི་དུས་ཤིག་མེད་པའི་ཚོད་རེད
བག་རྟའི་གོང་ནས་རྟ་ཁ་ཕྱིར་སྐོར་བྱེད་ཀྱི་སྙན་ངག་མི་ཕྲིས་ལ
དམག་རྟའི་གོང་ནས་མཚོན་ཆ་ཐང་ལ་ལྷུང་བྱེད་ཀྱི་ཚིག་རྩལ་ཡང་མི་ཐོན་པས
ད་ནི་སྐུ་མཁྱེན་སུས་ངའི་ཚབ་ཏུ་སྙན་ངག་འདྲ་ཆགས་པོ་ཞིག་བྲི་ཐུབ་ཚེ
ངས་དེ་ལ་གཞིས་ཀ་དང་དངུལ་ལོར་སྤྲད་ཆོག་ལ
ངས་དེ་ལ་བུད་མེད་དང་གཡུ་བྱུར་ཀྱང་མཁོ་ངེས་རེ་སྟེར་ཆོག
དེ་རིང་ཁ་སང་མདུན་གྱི་བུད་མེད་དག་ལ་འཐོག་ནས་ཐང་ལ་རྒྱག་པ་དང
རྒྱབ་ཀྱི་སྐྱེས་པ་དག་ལ་བྲོས་ནས་དབུགས་ཀྱང་མི་ལོན་པའི་ཚད་དུ་སླེབས་ཡོད
ཉིན་འདི་ཚོར་བ་ཅི་གང་མེད་པས
ང་ལ་གསོས་དལ་དལ་གྱི་ངང་ནས་ངལ་གསོ་རུ་ཆུགས་
ནད་གསོ་རུ་ཆུགས སེམས་གསོ་རུ་ཆུགས
(གློག་ཀླད་དུ་བཅུག་པའི་རྩོམ་རེ་གཉིས་བོར་བ་དང་སེམས་ཁམས་མི་སྐྱིད་པའི་ཁར་ན་ཚ་ཡང་འདྲ་མིན་རེ་བྱུང་སྟེ་ཞེ་ལྷོད་ལ་འབབ་མི་ཐུབ་པའི་སྐབས་དང་བསྟུན་ནས་བྲིས་པའོ)
རྩོམ་ཁུངས། ངེད་དྲ་བ།