དམག་འཁྲུག་གི་རྗེས་སུ་མཚོན་ཆ་ཐང་ལ་བཞག་ན།
རྟ་ཕོའི་རྨིག་པ་ཁྲག་གིས་བརྫིས
མི་ཕོའི་ལག་པ་ཁྲག་གིས་བརྫིས
སྒང་གཤོང་གང་དུ་ཡང་བྲག་ཅ་བར་མེད་དུ་འཕྱོ
རལ་བ་སོག་གར་དཔྱངས་པའི་ཕོ་གསར་རྟ་ནག་ཅན་དེ
ཀི་བསོ་དང་བསང་དུད་ཀྱི་དཀྱིལ་ནས་འཕག་འཚག་རྒྱག
རྟ་ཕོའི་རྨིག་སྒྲས་ས་གཞིའི་བྲང་ཁ་ཤེད་ཀྱིས་བརྡུངས
དམག་འཁྲུག་གི་རྗེས་སུ་མཚོན་ཆ་ཐང་ལ་བཞག་ན
བརྩེ་བའི་གཞས་ལ་ལྷོད་ཤ་ངང་གིས་བབས
ད་ནི་ས་སྲོད་ཅིག་ཡིན་ནམ སྐྱ་རེངས་ཡིན་ནམ
ཡུགས་མོ་དེས་ཁྱོ་གའི་མིང་ནས་འབོད་ཞོར་ངུ་དངངས་ཀྱིས་མི་ལ་འདྲོགས་པར་བྱེད
ཤི་མིན་གསོན་མིན་གྱི་བུས་པར་ངུ་ངག་ཡེ་ནས་མེད མཆི་མ་ཡེ་ནས་མེད
འགུལ་ལྕོག་བྲལ་བའི་མགོ་བོ་རྔ་བོ་རྡུངབྱེད་དང་འདྲ
ཟོལ་རྫུས་སྤྲས་པའི་མི་རྣམས་དེ་ལ་ཧད་ནས་འཇིགས་པར་བྱེད
དམག་འཁྲུག་གི་རྗེས་སུ་མཚོན་ཆ་ཐང་ལ་བཞག་ན
བརྩེ་བའི་གཞས་ལ་འདར་ཞེད་ཨེན་ཙམ་བབས
དམག་འཁྲུག་གི་རྗེས་སུ་མཚོན་ཆ་ཐང་ལ་བཞག་ན
་་་ ་་་ ་་་ ་་་
2009 03 02
རྩོམ་ཁུངས། ངེད་དྲ་བ།