སྦྲ་ནག་གི་རྨི་ལམ།
གདོད་མའི་རྩྭ་ཐང་གི་པང་དུ།
ཡིད་ཆེས་དང་དད་འདུན་གྱིས་འཚོ་བའི་མི་རིགས་ཤིག
ཡང་ཤི་ཡང་གསོན་དང་རེ་སྐྱིད་རེ་སྡུག་ངང༌།
དུས་རབས་ནས་དུས་རབས་སུ་ཚེ་སྲོག་གི་དབུགས་རྒྱུན་བསྲིངས་དགོས་པ།
སྦྲ་ནག ཁྱོད་ཀྱི་རྨི་ལམ་མ་ཡིན་ནམ།
མཐའ་མེད་པའི་གནམ་སའི་བར་མཚམས་སུ།
གྲང་ངར་གྱི་རལ་གྲི་ཇི་ལྟར་རྣོ་ཡང༌།
བུ་ཡུག་གི་འཚུབ་མ་ཇི་ལྟར་འཕྱོ་ཡང༌།
གངས་དཀར་གྱི་འདབ་མ་ཇི་ལྟར་མཐུག་ཀྱང༌།
ཁྱོད་ཁོ་ནའི་དྲོ་སྐྱིད་ལས།
གནའ་བོའི་རུ་ཚོ་དེར་གཞོན་ཤ་རྒྱས།
ཁྱོད་ཁོ་ནའི་བྱིན་རླབས་ལས།
བཙན་པོའི་རྒྱལ་རབས་ལ་གསོན་ཉམས་འབར།
ཁྱོད་ཁོ་ནའི་གཟི་བརྗིད་ལས།
ཁ་བ་རི་པའི་ མ་འོངས་ལ་བཀྲག་མདངས་འཚེར།
ཁྱོད་ཁོ་ནའི་་་་་་་་་་་་་་་་་་་་་་་་་་་་་༌།
བྱིས་པའི་རྣམ་ཤེས་ལས་སྙི་དྲགས་པའི།
བསྐལ་པ་ཡ་ཐོག་གི་དུས་ནས་བཟུང༌།
ཁྱོད་ཀྱི་མཐའ་སྐོར་ན།
འབྲོང་གཡག་གི་རྭ་རྩེད་ཤིག་ཤིག་བརྡར་ལ།
ཅང་ཤེས་ཀྱི་འཚེར་སྐད་ལྷང་ལྷང་གྲགས་ཤིང༌།
གཡང་དཀར་གྱི་འབའ་སྒྲ་ཡང་གསང་གསང་དུ་ཐོས།
ད་དུང༌། དགོ་དགོ་འབྲོག་མོའི་ཞོ་དབྱངས་དང༌།
སྙན་སྙན་རྫི་བོའི་ལ་གཞས་དག་ཀྱང༌།
རི་གསུམ་གྱི་རྩེ་མཐོ་ནས་སྤང་ཐང་གི་སྒལ་གཞུང་དུ་དལ་བུར་བཞུར།
དེ་རིང་དུས་རབས་བུ་མོས་མགུལ་རྒྱན་གསར་པ་འདོགས་པ་དང༌།
འཛམ་གླིང་གང་སར་ཚན་རིག་གི་ཡོ་ལང་དུད་སྨུག་བཞིན་འཕྱུར་ཡང༌།
ཁྱོད་རང་སྔར་བཞིན་མཐོ་སྒང་གི་ཡང་རྩེ་ན།
འབྲོག་འབངས་ཁྲི་སྟོང་དུ་མའི།
སེམས་ཀྱི་བརྟེན་ས་དང༌།
ཞེ་ཡི་འཁྲེང་ཡུལ།
སྙིང་གི་དུང་ས་ལགས་ན།
བསྐལ་པ་ནམ་གནས་བར་དང༌།
འགྲོ་བ་ཇི་འཚོའི་རིང༌།
སྦྲ་ནག ཁྱོད་ཀྱི་རྨི་ལམ་དྲོན་མོ་ནི།
ང་ཚོ་སྟེ། གདོང་དམར་བའི་འཚོ་བའི་སྤྲོ་སྐྱིད་ཁོ་ན་ལགས།
རྩོམ་ཁུངས། ངེད་དྲ་བ།