ང་ལ་ཁང་བ་མི་དགོས།
ངའི་མེས་པོ་ཚོས་
སྦྲ་ནག་གི་རྒྱུ་སྤུན་གྱིས
ཁ་བ་དང་གྲང་ངར་བསེད་ལ
ཕྱི་རོལ་གྱི་སྐད་དང་ནང་གི་གཏམ་བཀག
དེ་ནས་ལོ་དང་ཟླ་བ་དག་ཁ་ཚབ་གྱི་ཉིན་སྲིབ་ནས་བསྐྱལ
ངའི་མེས་པོ་ཚོས
ནོར་ནག་གི་ཤ་དྲོད་དག
སྤྱི་གཙུག་ལ་ཐུར་དུ་སྦུབས་ནས
སྐར་ཚོགས་དག་ལྷུང་ལ་ཉེ་བའི་འཇིག་པ་བཀག
དེ་ནས་བུ་རབས་ཚ་རྒྱུད་ཀྱིས་ང་རྒྱལ་དག་ལག་པའི་རི་མོར་བྲིས
ངའི་མེས་པོ་ཚོ
འདི་ལྟར་དེ་རིང་བར་ཡོང་བས
བདག་གིས་མི་ཚེ་གཅིག་གི་སྐྱིད་སྡུག་ཡོད་ཚད
ཁང་གོག་གཅིག་ལ་བཀལ་ནས་དེ་ཉིད་གསོ་མི་འདོད་
དེ་བས་ང་ལ་ཁང་བ་མི་དགོས་ལ་ཟྭ་དང་ལྡེ་མིག་ཀྱང་མི་དགོས
ང་ལ་རླུང་དང་ཁ་བ་མགྲོན་པོར་ཡོང་ཐུབ་པའི་མགོ་སྦྲ་སྨུག་ཆུང་གཅིག་གིས་འཐུས
2010-4-8
རྩོམ་ཁུངས། ངེད་དྲ་བ།