སེམས་སྡུག་དང་རེ་ཆད་མ་གནང་རོགས།
___ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་རྣམས་ལ་མྱ་ངན་ཞུ།
གནས་འདི་ནི་གླིང་ཕུ་ནུའི་མདའ་རྩལ་འགྲན་ས་དང་སྨན་འབྲུག་མོའི་དྲུག་འགྱུར་ལེན་ས་རེད།
གནས་འདི་ནི་རྟ་མཆོག་གི་རྨིག་སྒྲས་འཛིན་མ་བརྡུངས་ས་དང་སེང་གེ་ལྟ་བུའི་འབྲོག་ཁྱི་དགུང་ལ་མཆོངས་ས་རེད།
ཡིན་ནའང་4.14ཉིན།
གློ་བུར་གྱི་རྡུལ་འཚུབ་ཐེངས་ཤིག་གི་རྗེས་སུ་ཁྱེད་ཀྱིས་ཞོགས་དུས་ཀྱི་ཉི་གཞོན་བསྐྱུར་ནས་གང་དུ་བུད་སོང་།
གདུག་རྩུབ་ཀྱི་འཆི་བདག་དེས་བརྩེ་མེད་དུག་གི་སྒྱོགས་མདེལ་འདིར་འཕངས་པས།
བརྩིགས་པའི་ཁང་བ་འགྱེལ་ཞིང་བསགས་པའི་རྒྱུ་ནོར་བརླགས་སོང་།
ཚེ་སྲོག་སྟོང་ཕྲག་ས་རྡུལ་གྱི་ཕུང་བོའི་ཁྲོད་དུ་བསྟིམས་ལ་སྡུག་བསྔལ་གྱི་རླུང་འཚུབ་ནི་མི་སེམས་ཀྱི་འཇིངས་ན་དྲག་ཏུ་ལྡང་ཞིང་འཐིབས།
ཡིན་ནའང་ང་ཚོས་དཔུང་རྡང་སྦྲེལ་ཞིང་ང་ཚོས་སྟོབས་ཤུགས་སྐྱེད།
ཡུལ་ཤུལ། ང་ཡི་སྨུག་མདོག་གི་སྤུན་ཟླ་ཡྰ།
དཀའ་ཁག་ནི་ཇི་འདྲའི་ཁུར་ཏུ་ལྕི་ནའང་ཁྱེད་ཉིད་ཡིད་ཕམ་དང་རེ་ཐག་མ་ཆད་ཅིག
ར་རི་ཡི་དྲི་མས་ཡོངས་སུ་སྦགས་པའི་ཨར་འདམ་དང་རྣོ་ལྕགས་དེ་དག་ལ་ཁྱེད་ཀྱི་ལྷད་མེད་དྭངས་གཙང་གི་རྣམ་ཤེས་དང་།
ཁྱེད་ཀྱི་དལ་བརྒྱད་འབྱོར་བཅུ་ཡི་ལུས་རྟེན་རྡོག་བརྫིས་སུ་གཏོང་བའི་ཐོབ་ཐང་ནི་ག་ལ་མཆིས་ཏེ་ཡེ་ནས་མ་མཆིས་སོ།།
སྡུག་བསྔལ་ཆེན་པོ་འདིས་མཐར་ཁྱེད་ཉིད་བདམས་པ་ཡིན་ནའང་ང་ཚོ་ཚང་མ་ལྷན་ཏུ་གདུང་བས་གཟིར་ཡོད་དེ།
སྡུག་བསྔལ་གྱི་ཁུར་བོ་འདི་ང་ཚོས་ལྷན་ཏུ་འཁུར་ཞིང་ལྷན་ཏུ་འཕག་འཚག་བྱེད་པས་སོ།།
དུས་ཚོད་ནི་ཆེས་གལ་ཆེ་བ་སྟེ་དུས་ཚོད་ལ་འགྲན་བརྒྱུགས་བྱས་ཏེ་སྐར་ཆ་རེ་ལ་དེ་འདྲའི་དམ་འཛིན་བགྱིས་པ་ཡང་།
ཁྱེད་ཀྱི་ཚེ་སྲོག་གི་རེ་བར་དམ་འཛིན་བགྱིས་པ་ལགས་ལ་དེ་ནི་མི་དང་མིའི་བར་གྱི་ཆེས་བླ་ན་མཐོ་བའི་ལྷག་བསམ་གྱི་དན་རྟགས་འབའ་ཞིག་ ལགས།
ཡུལ་ཤུལ། ཁྱེད་ཀྱི་སྲ་མཁྲེགས་ཀྱི་སྒལ་ཚིགས་འོག་ནས་ངས་བླ་ན་མ་མཆིས་པའི་མི་གཤིས་ ཀྱི་དཔལ་ཡོན་དེ་ཚོར་ཞིང་། ངས་འཁོར་བ་རྒྱ་མཚོའི་ཀློང་ན་དལ་ལྷོད་དུ་བསྐྱོད་པའི་མི་རིགས་ཤིག་གི་ཕངས་མེད་ཀྱི་ གཟི་རྔམ་ཡང་ཚོར་བྱུང་།
གློ་བུར་གྱི་གོད་ཆགས་ཐེངས་འདི་ནི་བདག་གི་དངངས་འདར་ཐེངས་ཤིག་སྟེ།
མི་ལོ་བཞི་བཅུའི་རིང་འཚོལ་ཅིང་རྟོག་པའི་གནས་ལུགས་ཀྱི་ཡང་སྙིང་གཏིང་ནས་སད་པ་མ་ཟད།
ཡུན་རིང་བག་ལ་ཉལ་བའི་མི་རིགས་ཤིག་གི་རིག་གནས་ཀྱི་ཆེམ་ཆེམ་འོད་སྟོང་ཡང་དངོས་སུ་འཕྲོ་བཞིན་པ་ཚོར་བྱུང་།།
ཡང་གཅིག་བཤད་ན་རེབ་འདི་ནི་ཚོད་བགམ་ཐེངས་ཤིག་སྟེ་ང་ཚོའི་བག་ལ་ཉལ་བའི་མི་རིགས་ཤིག་གི་གོ་རྟོགས་ལ་ཚོད་བགམ་བྱེད་པ་ཡིན་ཡང་སྲིད།
ཀུན་གྱིས་ང་ཚོར་རྗེས་ལུས་ཞེས་སུ་འབོད་ནའང་ད་ནི་ངས་མགོ་བོ་གཟེངས་སུ་བཏེགས་ནས་སྨྲ་བར་སྤོབས་ཏེ།
དེ་ནི་ང་ཚོའི་མི་མངོན་པའི་མེ་ལྕེ་དང་གཤོག་ཟུང་ངོ་ཞེས་ཀུན་ནས་སྨྲ་བར་སྤོབས།
རེད་ཡ། ཆག་སྒོ་འདིའི་ཁྲོད་ནས་མིག་ཆུའི་གཙང་བོ་ལྷུང་ལྷུང་བདག་གི་སེམས་ན་འབབ།
ལྷག་བསམ་ནི་བདེ་སྐྱིད་ལགས་ལ་མཐུན་སྒྲིལ་ནི་རྒྱལ་ཁའི་རྩ་བ་ལགས།
ཡུལ་ཤུལ། མི་འགྱུར་བའི་དན་རྟགས་དེའི་རྐྱེན་གྱིས་འཇིག་རྟེན་གྱི་མ་ལུས་པའི་ཕྱག་ཟུང་དང་སེམས་པ་ཡོད་ཚད་ལྷན་ཏུ་བརྐྱངས་འོང་ལ།
དུས་ཚོད་སྐར་ཆ་རེ་ལྷུར་ལེན་བགྱིས་ནས་ཁྱེད་ཉིད་ཨར་འདམ་དང་རྣོ་ལྕགས་ཁྲོད་འགྱེལ་བ་ནས་ཡར་ལ་སྐྱོར་ཅིང་།
བཤིག་མེད་རུལ་མེད་ཀྱི་ཚེ་སྲོག་གི་པང་དུ་སླར་ལྡོག་པར་བྱེད།
བདག་གིས་ཡིད་ཆེས་ཆེན་པོའི་རྟོགས་ཏེ།
སྤུན་ཟླ། སང་ཉིན་ཁྱེད་ཀྱིས་མུ་མཐུད་དུ་འཇིག་རྟེན་ནས་གོམ་བགྲོད་བྱེད་ངེས་ཡིན།
ཁྱེད་ཀྱིས་འབྱམས་ཀླས་ཀྱི་རྩྭ་ཐང་དང་དྭངས་གཙང་གི་མཚེའུ་བརྒལ་ནས་གཤོག་འགྱུར་ བྱེད་ངེས་ཡིན།
ལ་ལས་མིག་ཟུང་གཏན་ཏུ་བཙུམས་ནས་ཕ་ཡུལ་དང་གཉེན་ཉེ་བསྐྱུར་ཏེ་ཕེབས་སོང་ནའང
ང་ཚོས་ཡིག་དྲུག་ངག་ལ་བཟློ་བཞིན་ཆེས་མཐའ་མཇུག་གི་སྐྱེལ་མ་དེ་ཞུ་ལགས།
མེ་སྟག་དེ་དག་ནི་ཇི་སྲིད་བར་ཏུ་ང་ཚོའི་སེམས་ན་འཚེར་ལ།
བསྐྱུར་ཅིང་ལུས་པའི་ཤུལ་གྱི་རྩྭ་ཐང་དང་རི་བོ། མི་རྣམས་ནི་ཁྱེད་ཀྱི་འོད་སྣང་གི་ངོགས་ནས་ནམ་ཡང་རྒྱུ་ཞིང་འཚོ་ངེས།
ངས་ཁྱེད་ཀྱི་རླབས་ཆེན་གྱི་མཚན་ཉིད་གཟི་བརྗིད་ཀྱི་མིང་ཐོའི་སྟེང་དུ་འགོད་པར་བྱེད་ངེས་ལ།
ངས་ཁྱེད་ཀྱི་ཉམས་མེད་ཀྱི་དཔའ་གདེང་བྲག་རྡོའི་སྟེང་ཡོངས་སུ་བཀོད་དེ་མི་འགྱུར་བའི་རྟེན་ཏུ་བཞེངས་ངེས་ཡིན།
ང་ཡིས་ཁྱེད་ཀྱི་རྨ་ཁར་བྱིལ་བྱིལ་བྱེད་ཐེངས་རེ་རེར་བདག་སེམས་ལ་སྐྱོ་བའི་རྡིབ་ཉིལ་བྱུང་ཞིང་།
ངས་མིང་ཚིག་གང་དག་བསྟར་ལ་བརྒྱུས་ནས་གདུང་འབོད་བྱས་ཏེ་སེམས་ཀྱི་མྱ་ངན་སེལ་བར་བྱེད་དམ།
ཀྱེ། རླབས་ཆེ་བའི་ཡུལ་ཤུལ། ཡིད་ཆེས་གནོངས་དང་།
གཡོ་སྒྱུ་ཅི་འདྲ་ཆེ་ནའང་མཐའ་མཇུག་གདུག་རྩུབ་ཀྱི་འདྲེ་སྲིན་དེ་ཁྱེད་ཀྱི་རྟུལ་ཕོད་ཀྱི་མདུན་ནས་ཞུམ་འགྲོ་ངེས་ཡིན།
ཁྱེད་ཀྱི་མགོ་བོ་གངས་རིའི་བྲང་ཁར་སྔས་ལ་ངལ་གསོ་ཏོག་ཙམ་གྱིས་དང་།
ཕྱོགས་ཀུན་ནས་བརྐྱངས་པའི་ལྗང་མདོག་གི་ལམ་བུ་བརྒྱུད་ནས་རེ་བའི་ཉི་གཞོན་དེ་འཆར་བཞིན་འོང་ཞིང་། མཆོད་མེ་མང་པོ་མཐོ་སྒང་གི་གྲུ་ཟུར་རེ་རེ་ནས་བསྒྲོན་ཞིང་འབར་ཏེ་ཁྱེད་ལ་ལྗང་མདོག་གི་དུས་ཚིགས་ཤིག་སྐྲུན་བཞིན་ཡོད
ཡུལ་ཤུལ། ང་ཡི་བོད།
རྩོམ་ཁུངས། ངེད་དྲ་བ།