སློབ་ཁྲིད་ཟིན་བྲིས།
ཀེང་རུས་ལྟ་བུའི་སྨྱུག་གུ་དེས་བཟོད་སྒོམ་ལ་སྐྱབས་བཅོལ་བ་ནས་བཟུང་
ཤམ་ཤམ་འཇོ་བའི་མིག་ཆུས་ས་ཆེན་གྱི་རུས་པ་དཀར་པོ་ནག་པོར་བཟོས་སོང
མིག་ཆུ་དེ་ནི་སུའི་ཆེད་དུ་བཞུར་བའང་མིན་ཏེ
མིག་ཆུ་དེ་ནི་དོན་ཀྱིས་མིག་ཆུ་ཁོ་ནའི་ཆེད་དུ་བཞུར་བའོ
དུས་ཚོད་ཀྱི་བྲང་གཞུང་ལ་གྲི་གཟུག་མི་འདོད་ཀྱང
དྭངས་གཙང་གི་མེ་ལོང་ལ་གཡའ་བསྒོ་མི་འདོད་ཀྱང
དུས་ཚོད་ཀྱི་མདའ་རྩེ་ལྟ་བུའི་མཛུབ་གུ་དེས
ཨང་གི་རེ་རེའི་སྟེང་ལ་གདུག་རྩུབ་ཀྱིས་བཙུགས་ནས་ཐོན་དུས
དྲང་བདེན་གྱི་ཨང་གི་སུ་ཞིག་གིས་རང་ཚུགས་འཛིན་ནུས
ཡིག་འབྲུ་ཁོག་སྟོང་མང་པོ་འབུ་སྲིན་བཞིན་རུབ་འོངས་སྟེ
དྭངས་གཙང་གི་སེམས་པ་ལྟ་བུའི་ཤོག་དཀར་མང་པོ་ཧམ་ཟ་བྱེད་དུས
ལ་རྒྱ་དང་འཇོན་ནུས་འཕྱར་མཁན་ཚོའི་སྨྲ་ལྕེ་ལ་མདུད་པ་རྒྱག་སྲིད་དམ
གད་སྙིགས་ལ་བདེན་ཁ་སྟེར་བའི་མཛུབ་གུ་རིང་ཐུང་མང་པོས
གད་སྙིགས་ཀྱི་སྟེང་ལ་གད་སྙིགས་བརྩེགས་ཀྱིན་པས
གནམ་འོག་འདིར གད་སྙིགས་འདིའི་རྔམ་ཁ་ཆེས་མཐོ་ལ་རིན་ཐང་འདིར་ཆེས་བྲིན་པའོ
གངས་རིའི་ཚོགས་ཀྱི་རྣམ་ཤེས་ཡ འུ་ཅག་གི་ཉེ་འཁོར་ན
རི་རབ་ལྟ་བུའི་གད་སྙིགས་འདི་དག་གཙང་ཕྱག་བྱེད་ཕོད་མཁན་གྱི་དཔའ་བོ་སུ་ཞིག་ཡོད་ཨང
བསམ་གཟས་ནས་དུས་ཚོད་དང་སྐར་ཆ་རེ་རེ་ཧྲིག་ཧྲིག་འཆའ་བའི་ཡིག་འབྲུ་འདི་དག
བརྟན་བརླིང་གི་རི་བོ་མང་པོའི་ཟུངས་ཁྲག་གིས་བསྐྲུན་ནའང
ཡིག་འབྲུ་དེ་དག དཔུང་ཤུགས་དྲག་པོས་པོ་ཏ་ལའི་མིག་ཀོང་དང་ཡ་ཆུང་ལ་ཨུ་ཚུགས་ཀྱིས་འཚང་འོང་སྟེ
ཞིམ་མངར་གྱི་རུས་རྐང་མཐའ་དག་རྨང་ནས་གཞིབ་རྩིས་ཡིན་ཨང
སྨྱུ་གུ་དེ་དག
གད་སྙིགས་བཟོ་སྤྱད་ཀྱི་འཕྲུལ་འཁོར་ཞིག་དང་འདྲ་བར
ཕོ་བྲང་ལྟ་བུའི་ཁང་མིག་དང་ཡ་ཆུང་ལྟ་བུའི་ཞིང་ས་མང་པོ་ཁྱུར་མིད་གཏོང་དུས
ངའི་ཆེས་མཐའ་མཇུག་གི་བསྟི་གནས་ལའང་དྲོད་ཁོལ་མེད་པ་ཚོར་ཡོང
2010.3.4
རྩོམ་ཁུངས། ངེད་དྲ་བ།