ཡུལ་ཤུལ་ལགས། ང་ཚོས་མཉམ་དུ་ཁྱོད་ལ་སྐྱབས་འཇུག་ཞུས་ཡོད།
ཡུལ་ཤུལ་ལ་ཕུལ་བའི་གྱེར་འདོན་སྙན་ངག
རང་བྱུང་ཁམས་ཆེན་པོའི་འདར་ཡོམ་རེ་རེ་ནི།
མི་རྣམས་ཀྱི་སྙིང་ཁོང་ལ་བཏབ་པའི་ལྕགས་གཟེར་རེ་རེ་ཡིན་ནའང༌།
ངས་ད་ཐེངས་ད་གཟོད་ན་ཟུག་དེའི་ངོ་བོ་ཚོར།
ང་ཚོར་གདུང་སེམས་མཉམ་སྐྱེས་ཀྱི་འདུ་ཤེས་མེད་པ་མ་ཡིན་ལ།
གོད་ཆག་གདོང་ལེན་གྱི་བློ་སྤོབས་མེད་པ་ཡང་མ་ཡིན་མོད།
ཏག་ཏག་ད་ཐེངས་ཆེས་སྤྱིར་བཏང་ལས་བརྒལ་བའི་དངན་པ་འཆོར་བ་འདི།
ང་ཚོའི་སེམས་པའི་ཁ་ཐག་ལྷག་ཏུ་ཉེ་བའི་མཚོན་རྟགས་ཅི་ལ་མིན།
ལག་རྡང་དང་ལག་རྡང་གཏོར་བའི་འཇིགས་སྣང༌།
སེམས་པ་དང་སེམས་པ་གྱེས་པའི་ཟུག་རྔུ།
ད་དུང་ངུ་འབོད་དང་ཨ་ལན་མ་ཕྲད་པའི་ཡི་ཆད་རེ་རེ་ནི།
ང་ཚོའི་ཡ་ཆུང་འདི་ལྗིད་ཀྱིས་གནོན་བྱེད་དུ་གྱུར་སོང་ན།
ལེ་ལན་ཡོད་ཚད་གཞན་ལ་བདའ་ས་གང་ན་ཡོད།
ཁྱེད་ཀྱིས་སེམས་བཞིན་པ་དེ་འཆུག་མེད་ལ།
ཁྱེད་ཀྱིས་སྒྲོག་བཞིན་པ་དེ་ཡང་ནོར་མེད་དེ།
ང་ཚོ་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་རིགས་རྒྱུད་དེ་ཡིན།
དེའི་ཕྱིར་ང་ཚོར་དཀའ་བ་དང་དུ་ལེན་པའི་སྙིང་སྟོབས་ཡོད་འོས།
ང་ཚོར་སྐ་རེགས་ཤུགས་ཀྱིས་སྡོམ་པའི་ནུས་པ་ཡོད་འོས།
ལམ་ལམ་འབར་བའི་མཆོད་མེ་འདིའི་འོད་ངོགས་ན།
ཁྱེད་རང་དག་ཞིང་དུ་བགྲོད་པའི་ལམ་བུ་དྲང་ཤ་ལེར་ཡོད་ལ།
ལྷར་ལྷང་གྲགས་པའི་དབྱངས་རྟ་འདིའི་ཡང་སྙིང་དུ།
ཁྱེད་རང་གེགས་མེད་དུ་འཚོ་བའི་འཇིག་རྟེན་བདེ་འབོལ་ལེར་ཡོད།
ད་དུང་ཕུ་ནུ་མིང་སྲིང་ཚོའི་ཡིད་ཆེས་དང་རེ་སྨོན་གྱི་ཁྲོད་ན།
ཁྱེད་ཅག་ལ་བཞེངས་པའི་རྟག་བརྟན་གྱི་ཕོ་བྲང་བརྗིད་པོ་དེ་ཡང་ཡོད་པས།
ཨམ་གཙིགས་ཀྱི་མགོ་བོ་རེ་རེ་མཐོན་པོར་དགྱེ་ཤོག
དེ་མིན་ན་ང་ཚོས་རང་ཉིད་ལས་ལྷག་པའི་མགོན་སྐྱབས་ཤིག་གང་ནས་འཚོལ།
ཡུལ་ཤུལ་ལགས།
རྒན་པོ་འདི་ལ་ཕྱག་རྟེན་འདེགས་པའི་ལུས་ཤུགས་ཁྱོད་ཀྱིས་བྱིན་ཅིང༌།
རྒན་མོ་འདི་ལ་མ་ཎི་གྱེར་བའི་སེམས་ཤུགས་ཀྱང་ཁྱོད་ཀྱིས་བྱིན་པས།
འདི་དག་ཐམས་ཅད་ཀྱིས་ཁྱོད་ཀྱི་གྲགས་འགུལ་ལ་རྣ་བ་གླགས་ཡོད།
ཕྱག་རྟེན་གྱིས་སྐྱོར་བའི་གཟུགས་གཞི་ཀོག་པོ་ལས་རེ་བ་གསོན་པོ་ཞིག་འདི་ལྟར་མཆེད་ཅིང༌།
རྒས་གཉེར་གྱིས་བཏུམས་པའི་མིག་ཟུང་ཆུང་ཆུང་ལས་ཐིགས་པ་ཚ་བོ་ཞིག་འདི་ལྟར་འགྲིལ་སོང་དུས།
ཁྱོད་ལ་ཞུམ་མེད་ཀྱི་སེམས་ཤུགས་མེད་ན་གང་ནས་འགྲིག
ད་དུང་ཆག་འཇིག་ཁྲོད་བྱུང་བའི་མི་སེམས་སྒུལ་བའི་གཏམ་རྒྱུད་རེ་རེ་ཡང༌།
ཁྱོད་ཀྱི་མ་འོངས་པར་བསྩལ་བའི་སེམས་ཀྱི་དྲོད་ཐིག་རེ་རེ་ཡིན་ངེས།
གསན་བྱུང་ངམ།
འདི་ནི་གནས་དང་དུས་ལ་ངེས་མེད་དུ་འཚོགས་པའི།
སེར་མོ་བའི་བསྔོ་སྨོན་གྱི་འདོན་རྟ་རེད།
འདི་ནི་རིགས་དང་རུས་ལ་ངེས་མེད་དུ་འདུས་པའི།
སློབ་མ་ཚོའི་མ་ཎིའི་དབྱངས་རྟ་རེད།
གཟིགས་བྱུང་ངམ།
འདི་ནི་ཕྱོགས་བཞི་མཚམས་བརྒྱད་ནས་འོངས་པའི།
དངོས་སྐྱེལ་རུ་ཁག་གི་བསྟར་ཕྲེང་རེད།
འདི་ནི་སྟོད་སྨད་བར་གསུམ་ནས་སླེབས་པའི།
མྱུར་སྐྱོབ་རུ་ཁག་གི་དཔུང་སྡེ་རེད།
ཡང་གཅིག་བཤད་ན།
ཚུལ་འདི་རྣ་བ་ཡོད་ཙམ་གྱིས་ཐོས་ཐུབ་པའི་ངེས་པའང་མེད་དེ།
འདི་ནི་འདོན་རྟ་ཙམ་མ་ཡིན་པར།
ཆེས་དྲི་མ་མེད་པའི་ནང་སེམས་ཀྱི་ཁ་དོག་དང༌།
འདི་ནི་དབྱངས་རྟ་ཙམ་མ་ཡིན་པར།
ཆེས་སྐྱོན་གྱིས་མ་གོས་པའི་རིགས་ཞེན་གྱི་མེ་ལྕེ་ཡིན་པས་སོ།།
ཡང་གཅིག་བཤད་ན།
ཚུལ་འདི་མིག་ཟུང་ཡོད་ཙམ་གྱིས་མཐོང་ཐུབ་པའི་ངེས་པའང་མེད་དེ།
འདི་ནི་བསྟར་ཕྲེང་ཙམ་མ་ཡིན་པར།
གཅེས་སེམས་ཀྱི་རྒྱ་མཚོ་གཡོ་བའི་རྦ་རླབས་དང༌།
འདི་ནི་དཔུང་སྡེ་ཙམ་མ་ཡིན་པར།
གཞན་ཕན་གྱི་མེ་རི་འཕྱུར་བའི་ཚ་རླངས་ཡིན་པས་སོ།།
མཐོང་མིན་རེག་མིན་གྱི་སྟོབས་ཤུགས་ལ་ཡིད་ཆེས་ཡོད་མཁན་ཚོས།
ནམ་རྒྱུན་སྐྱབས་འཇུག་ཞུ་བའི་ལས་ཀ་འདི་གཙོ་ཆེར་བྱེད་པས།
ང་ཚོས་ཀྱང་མཉམ་དུ་སྐྱབས་འཇུག་གྲངས་མེད་ཀྱི་དཔལ་ཁ་ཁྱོད་ལ་གཏད་ཡོད།
ཡུལ་ཤུལ་ལགས།
ཁྱོད་ལ་ཁེར་རྐྱང་ལྟ་བུའི་སྣང་བ་སྐྱེ་ཐེངས་རེར།
ཕྱོགས་བཞི་མཚམས་བརྒྱད་ཀྱི་སྤུན་ཟླ་ཚོ་སྙིང་ལ་ཆོངས་དང༌།
ང་ཚོ་ནམ་ཡང་ཁྱོད་ཀྱི་རྒྱབ་རྩར་འགྲེང་ཡོད།
རྩོམ་ཁུངས། ངེད་དྲ་བ།