ཁམ་བུའི་སྡོང་པོ།
སྒེའུ་ཁུང་གི་ཉེ་སར་བཙུགས་པའི་ཁམ་སྡོང་དེ
ཁེར་ཧྲེང་ཞིག་ཡིན་ཀྱང
བརྟན་བརླིང་གིས་འགྲེངས་ཡོད་པ་མཐོང་ཐེངས་རེར
དད་སེམས་ཤིག་རླུང་བུ་བཞིན་ལྡང་ཡོང
དགུན་ཁར
སྐྱེ་དངོས་ཡོད་ཚད་བུ་ཡུག་གི་ཚེར་མས་བྲབས་དུས
ཁམ་བུའི་སྡོང་པོ་ཁོ་ན་འཁྱག་ཤི་མ་ཐེབས
དབྱར་ཁར
ཚད་ཐན་གྱི་ལག་པས་གཅིར་དུས་ཀྱང
ཁམ་སྡོང་གཅིག་པུར་སེར་ཁ་མ་གས
ད་ལྟ
ཁམ་སྡོང་གི་ཡལ་ག་རེ་རེ་ན
མིག་གིས་མི་ཟིན་པའི་མེ་ཏོག་དཀར་པོ་དང་མེ་ཏོག་དམར་པོ
མཛེས་སྡུག་གིས་བཀད་ཅིང
བསུང་ཞིམ་མངར་མོ་ཞིག་ཀྱང་ལྷོད་ཀྱིས་ཐུལ་བས
ཁམ་བུའི་སྡོང་པོ་འདི
ལང་ཚོས་དུད་པའི་སྨན་ཤར་བཞིན
ཡིད་དུ་འོང་བ་ཞིག་རེད
ངས་ཁམ་སྡོང་གི་བསིལ་གྲིབ་ལ་ཁེན་ནས
སྙན་ངག་གི་རོལ་དབྱངས་དཀྲོལ་དུས
ཁམ་བུའི་སྡོང་པོ་འདིས
ངའི་སོར་གང་སྐྱེས་པའི་སྐྲ་ལོའི་སྟེང་དུ
བརྩེ་བྱམས་ཀྱི་ཕྱག་གིས་བྱིལ་བྱིལ་གནང་བའི་ཚོར་སྣང་ཞིག་སྦྱིན་བྱུང
ཡུལ་གྱར་བའི་མགྲོན་པོ་ངས
ཁམ་བུའི་སྡོང་པོ་ཡི་རྩིབས་ནས་ཉིན་ཞག་མང་ཙམ་སྐྱེལ་ཡང
སུན་སྣང་གི་ཤོག་ལྷེ་བརྩེགས་མ་མྱོང
དེ་ནི་ཁམ་སྡོང་གི་བྱིན་རླབས་ཤིག་ཡིན་ཡང་སྲིད
༢༠༡༠ ༤ ༡༢
རྩོམ་ཁུངས། ངེད་དྲ་བ།