བྱ་དོར་ཕུན་ཚོགས་དབང་ཕྱུག་གིས་ཡུལ་ཤུལ་ལ་ཕུལ་བའི་མྱ་ངན་རྩོམ་ཡིག
རང་བྱུང་གི་སྲིན་མོ་ཁྲོས་པས།།
མཐོ་སྒང་གི་རྨི་ལམ་དཀྲུག་བྱུང༌།།
སྤུན་ཟླ་ཡི་གཅེས་སྲོག་དམར་པོ།།
ས་རྡོ་ཡི་མཆེ་བས་གཏུབས་སོང༌།།
སྨོན་ལམ་གྱི་སྒྲ་དབྱངས་ཁྲོད་དུ།།
དྭ་ཕྲུག་གི་ངུ་སྐད་ཐོས་བྱུང༌།།
མཆོད་མེ་ཡི་དམར་འོད་ཀློང་ནས།།
རྒན་རྒོན་ཚོའི་མིག་ཆུ་རིག་བྱུང༌།།
ས་འགུལ་གྱི་གདུག་རྩུབ་ནག་པོས།།
ཡུལ་ཤུལ་གྱི་བྲང་ཁོག་གཤགས་སོང༌།།
ཞི་བདེ་ཡི་ཁྱིམ་གཞི་སྣུམ་པོ།།
ཐལ་རྡུལ་གྱི་སྲོག་དང་བསྲེས་སོང༌།།
ཆོལ་གསུམ་གྱི་རི་ཀླུང་ཀུན་ཏུ།།
སྐྱོ་ཤས་ཀྱི་གདུང་དབྱངས་འཁྱིལ་ཞིང༌།།
ཡུལ་གྱར་གྱི་སྤུན་གྲོགས་ཡོད་ཚད།།
སྡུག་བསྔལ་གྱིས་མགྲིན་པ་བརྣངས་འདུག།
རིགས་ཞེན་གྱི་ལ་རྒྱ་ཟབ་མོས།།
ལྷག་བསམ་གྱི་ལག་གདང་སྦྲེལ་ཡོད།།
གཞུང་དྲང་གི་མི་རིགས་དེ་ཉིད།།
འཚོ་བཞེས་ལ་རེ་བས་ཁེངས་ཡོད།།
ཤུལ་ལུས་ཀྱི་རང་རིགས་མི་བུ།།
དཔའ་སྟོབས་དེ་དགུང་ལ་གཏོད་དང༌།།
དཀའ་ཚེགས་ལ་གདོང་ལེན་ཕོད་འདི།།
གདོང་དམར་གྱི་ཁྱད་ཆོས་ལོས་ཡིན།།
རྩོམ་ཁུངས། ངེད་དྲ་བ།