མཐའ་འཇུག་གི་གསོལ་འདེབས།
བཞུད་ཟིན་པའི་ངའི་སྤུན་ཟླ་ཚོ།
ཞེན་ཆགས་དང་སྐྱོ་ངལ་མེད་པར་ག་ལེར་ཕེབས་ཤིག
འུ་ཚོའི་ཕ་གཞིས་ལ་ཆག་གྲུམ་ཤོར་ཡང་།
དཔའ་སྟོབས་ལ་ཉམས་ཆག་འབྱུང་ཀིན་མེད།
བུ་མོ་ཆུང་ཆུང་ཞིག་གྱང་ཆག་གི་གས་སྲུབ་ནས་ལངས་ཏེ།
ས་རྡུལ་གྱི་སྦགས་པའི་མེ་ཏོག་དེ་བྱི་དོར་བྱེད་ཀྱིན་འདུག
འབྲོག་ཁྱི་ལ་བོ་དེས་ས་རྡུལ་ཀྱི་ཕུང་བོའི་ཁྲོད་ནས་བ་སྤུ་དཀྲུགས་དཀྲུགས་བྱེད་བཞིན།
ཁ་གནམ་ལ་འཁོར་ཏེ་ཟུག་སྐད་འབྱིན་ཀྱིན་འདུག
དབུ་སྐྲ་དུང་ལྟར་དཀར་བའི་མ་རྒན་དེས།
ལུས་ཀྱི་ས་རྡུལ་དཀྲུགས་དཀྲུགས་བྱེད་བཞིན།
ལག་ཟུང་ཕྲེང་བ་དང་སྦྲེལ་ཏེ་མ་ཎིའི་གདངས་དབྱངས་འཐེན་གྱིན་འདུག
ངའི་སྙིང་ཉེ་བའི་སྤུན་ཟླ་ཚོ།
ཚེ་གཅིག་ལས་ཐོག་འདི་ལ།
ལག་མི་དལ་ཕྲེང་བ་བགྲངས་། ཁ་མི་དལ་མ་ནི་བཏོན་བཞིན།
རྒྱུ་འབྲས་ཀྱི་གནས་ལུགས་རྣམས་མིག་འབྲས་བཞིན་དུ་སྲུང་ནའང་།
མཐའ་མཇུག་གི་སྤྲིན་ནག་འདིས་ང་ཚོར་འདི་ལྟར་ཆུད་མིད་དུ་བཏང་སོང་།
ཡིན་ནའང་རྟེན་འབྲེལ་གྱི་གནས་ལུགས་ཟབ་མོ་བསླུ་བ་མེད་པས།
ཁྱེད་ཅག་འདི་ལྟར་འཁངས་ར་མེད་པར་ཕེབས་དང་།
འཇིག་རྟེན་འདིའི་ཕ་རོལ་ན་བདེ་ལྡན་གྱི་ཞིང་བཀོད་ཡོད་སྲིད་།
བཞུད་ཟིན་པའི་ངའི་སྤུན་ཟླ་ཚོ།
དགེ་འདུན་གྱི་བསྔོ་སྨོན་དང་ཆོས་དུང་གི་སྒྲ་དབྱངས་ཁྲོད་ནས་ག་ལེར་ཕེབས་ཤིག།
མཆོད་མེ་ཁྲི་ཕྲག་གི་མེ་འོད་ལམ་ལམ་འབར་ཞིང་།
ཆོལ་གསུམ་བོད་མི་ཡི་གསོལ་འདེབས་འབྲུག་སྟོང་ལྟར་ལྡིར་བའི་ཁྲོད་ནས།
ཁྱེད་རང་བགྲོད་སའི་ལམ་དཀར་གསལ་ལེ་ཞིག་ཅིས་ཀྱང་ཡོད་ངེས་ལ།
གོ་ཐོས་སུ་དེ་རུ་མ་བུ་ཁ་བྲལ་གྱི་སྡུག་བསྔལ་མེད་ཟེར།
དེ་རུ་སྐྱི་གཡལ་བའི་རང་བྱུང་གི་ཆག་འཇིག་གམ་འཇིགས་ཡེར་བའི་ཞེ་སྣང་གི་རྨི་ལམ་མེད་ཟེར།
ངེད་ཆོལ་གསུམ་བོད་པས་མིག་ཆུ་རྡོག་གཅིག་ཨུ་ཚུགས་ཀྱིས་བསྲན་ཏེ་ཁྱེད་ཚོར་འདི་ལྟར་སྐྱེལ་མ་བྱེད།
ཁྱེད་ཚོ་འདི་ལྟར་སོང་རྗེས།
ཕ་ཞིག་གི་ལག་རྟེན་ཆགས་ཐལ་མ་བསམ། མ་ཞིག་ལ་གཉོར་ནི་མེད་ཐལ་མ་བསམ།
ངེད་ཅག་ཚང་མ་ཕ་ཞིག་གི་ལག་རྟེན་ཡིན། མ་ཞིག་གི་གཅེས་ཕྲུག་ཡིན།
འུ་ཚོའི་ལག་རྡང་མཉམ་སྦྲེལ་ཡིན། སེམས་ཀྱི་རྨ་ཁ་འདྲ་མཚུངས་ཡིན།
ལྗང་མདོག་གི་དུས་ཚིགས་འདིར་མེ་ཏོག་རྣམས་འདབ་ལག་རྒྱས་དུས་ཡིན་པས།
འུ་ཚོས་ཕ་ཁྱིམ་བསྐྱར་དུ་བསྐྲུན།
རྩོམ་ཁུངས། ངེད་དྲ་བ།