--------སྐྱེ་རྒུའི་ས་ཡོམ་གྱི་ཁྲོད་དུ་གོད་ཆག་ཕོག་པའི་མི་མང་ལ་ཕུལ་བ།
འགྲོ་བ་སེམས་ཅན་གཉིད་ལས་སད་མ་སད་ཀྱི་དུས་ཚོད་ཅིག་ལ།
སྙིང་ལ་ཟུག་པའི་འུར་སྒྲ་ཞིག་གི་རྗེས་སུ།
ས་ཆེན་པོ་འདི་རིམ་པ་དྲུག་ཏུ་གཡོས་སོང་།
རིམ་པ་དྲུག་དང་གྲངས་ཆུང་དགུ་རུ་གཡོས་སོང་།
འུར་སྒྲ་དང་ཆོམ་སྒྲའི་ཀློང་ནས།
སྡོད་ཁང་བརྡིབས་སོང་ལ་ལྷ་ཁང་ཡང་འཇིག་སོང་།
ས་རྡུལ་དང་ངུ་འབོད་ཀློང་ནས།
མཆོད་རྟེན་ཉིལ་སོང་ལ་མགྲོན་ཁང་ཡང་ཞིག་སོང་།
ཕོ་མོ་དང་རྒན་གཞོན་མེད་པར།
བོད་མགོ་ནག་ཚོ་ས་གཅུར་རྡོ་གཅུར་བྱས་སོང་ལ།
ཆོལ་ཁ་དང་ཆོས་ལུགས་མེད་པར།
བོད་རྩམ་ཟན་ཚོ་དམར་པོ་ཁྲག་ལ་བསྒྲེས་སོང་།
ས་ཆེན་པོ་འདིར་སྙིང་རྗེ་ཅི་ཡང་མེད་པར།
དགོན་པའི་རྗེས་སུ་དགོན་པ་འཇིག་སོང་ལ།
གནམ་སྔོན་པོ་འདིར་མིག་ཟུང་ཅི་ཡང་མེད་པར།
གྲོང་བའི་རྗེས་སུ་གྲོང་པ་བསྣུབས་སོང་།
ཉལ་སའི་ནང་གི་རྒན་རྒོན་ཚོ་བསད་སོང་ལ།
ཉིན་ལས་ཅན་གྱི་ན་གཞོན་ཚོ་བསད་སོང་།
སློབ་གྲྭའི་ནང་གི་བྱིས་པ་ཚོ་བསད་སོང་ལ།
དགོན་པའི་ནང་གི་བན་ཆུང་ཚོ་ཡང་བསད་སོང་།
སྐད་ཅིག་དེ་ཉིད་ལ།
མཛེས་སྡུག་གི་གྲོང་ཁྱེར་ཞིག་དམྱལ་ཁམས་བཅོ་བརྒྱད་དུ་བསྒྱུར་སོང་།
བལྟས་བལྟས་རིག་རིག་ལ།
ཞི་འཇགས་ཀྱི་གྲོང་བརྡལ་ཞིག་ངུ་འབོད་ཀྱི་འཇིག་རྟེན་དུ་གྱུར་སོང་།
ཡ་ང་བའི་སྲང་མདོ་རེ་རེ་ནས།
ཕ་མ་མེད་པའི་དྭ་ཕྲུག་གི་མིག་ནས་ཕ་མ་འབོད་པའི་མིག་ཆུ་ཁྲག་ཏུ་འབབ་ཅིང་།
ཡི་མུག་པའི་སྲང་བར་རེ་རེ་ནས།
བུ་ཕྲུག་ཤི་བའི་ཕ་མའི་ངག་ནས་བུ་ཕྲུག་འབོད་པའི་ངུ་ངག་སྙིང་ལ་མཛེར་ཡོང་།
བཀྲ་ཤིས་ཀྱི་གཅེས་པའི་ཚེ་སྲོག་བརླགས་སོང་།
དོན་གྲུབ་ཀྱི་གཅེས་པའི་ལུས་པོ་བརླགས་སོང་།
ཚེ་རིང་གི་གཅེས་པའི་ཕ་མ་བརླགས་སོང་།
ཟླ་བ་ཡི་གཅེས་པའི་བུ་ཕྲུག་བརླགས་སོང་།
མདོར་ན།
བརྩེ་དུང་མཚོ་ལས་ཟབ་པ་ཐམས་ཅད་ས་འོག་ཏུ་ཚུད་སོང་།
ཞེན་ཆགས་རི་ལས་ལྕི་བ་ཡོད་ཚད་ས་འགུལ་གྱིས་ཁྱེར་སོང་།
ཤུལ་དུ་ཅི་ཡང་མ་ལྷག་པར་ས་འོག་ཏུ་ཐིམ་སོང་།
དཀོན་མཆོག་གསུམ་པོའི་སྤྱན་གྱིས་གཟིགས་ས་ནས།
སྐྱེ་རྒུའི་མི་མང་ས་འོག་ཏུ་ཚུད་སོང་།
ཆོས་སྐྱོང་སྲུང་མའི་རྣ་བའི་གོ་ས་ནས།
སྐྱེ་རྒུའི་མི་མང་ས་འགུལ་གྱིས་མནན་སོང་།
དེ་རིང་།
གྲོང་ཁྱེར་ནི་གྲོང་ཁྱེར་དང་མི་འདྲ་བར་དུར་ཁྲོད་དང་འདྲ་ལ།
དེ་རིང་།
དགོན་པ་ཡང་དགོན་པ་དང་མི་འདྲ་བར་གཡུལ་ས་དང་འདྲ།
ཨུ་ཧུ་དཀོན་མཆོག་གསུམ།
དེ་རིང་མ་སེམས་ཅན་སྡུག་བསྔལ་གྱི་དོང་ཞབས་སུ་ལྷུང་སོང་ལ།
ཨུ་ཧུ་སྤྱན་རས་གཟིགས།
དེ་རིང་འབངས་མགོན་མེད་སྐྱོ་གདུང་གི་དྲ་བ་རུ་ཚུད་སོང་།
དེ་རིང་གཅེས་པའི་ཚེ་སྲོག་ཤོར་སོང་ལ།
དེ་རིང་བསགས་པའི་རྒྱུ་ནོར་བརླགས་སོང་།
དེ་རིང་མཛའ་བའི་གཉེན་བཤེས་གྲོངས་སོང་ལ།
དེ་རིང་མིག་གི་མཆི་མ་ཡང་བསྐམས་སོང་།
ད་ནི་ཕ་མ་མེད་པའི་དྭ་ཕྲུག་དེ་ཚོར་སུས་བདག་པོ་རྒྱག་གི་རེད།
ད་ནི་བུ་ཕྲུག་མེད་པའི་རྒན་རྒོན་དེ་ཚོར་སུས་གཉོར་སྐྱོང་བྱེད་ཀི་རེད།
ད་ནི་ལས་ལ་ཁ་གཡར་ནས་ལྷོད་ལྷོད་སྡོད་ཀྱི་ཡིན་ནམ།
ད་ནི་ལམ་ལ་ཆས་ནས་རོགས་རམ་བྱེད་མགོ་རྩོམ་གི་ཡིན།
ད་ནི་ལག་གཉིས་ཐལ་མོ་སྦྱར་ཏེ།
འདས་གྲོངས་ཕྱིན་པ་དག་བདེ་བ་ཅན་ནས་སྐྱེ་བའི་སྨོན་ལམ་དང་།
ད་ནི་མིག་གཉིས་མཆི་མས་གང་སྟེ།
ཤུལ་དུ་ལུས་པ་ཚོར་སྡུག་བསྔལ་ལས་ཐར་བའི་རོགས་རམ་བྱེད།
ཚེས་བཅུ་དྲུག་དགོང་མོར་ཨ་རིར་བྲིས།