ངའི་སྤུན་ཟླ་ཚོ། དཔའ་སྐྱེད་ཅིག
ཡུལ་ཤུལ
ཅི་འདྲའི་ཡུན་རིང་བའི་ལོ་རྒྱུས་ཀྱི་ཕ་ཤུལ་དྲོན་མོ་ཞིག
འདི་ལྟར་སེ་གོལ་གཏོགས་ཡུན་ཙམ་ལ།
སྤྱང་ཚོགས་ཀྱིས་བརླགས་པའི་མ་མོ་ཞིག་དང་མཚུངས་པར།
ས་སྒང་འདིའི་མཐོ་སར་ཞིག་ནས་ཤ་ཐོར་རུས་འཐོར་དུ་གྱུར་སོང་།
མྱ་ངན་དང་འོ་དོད་། སྔོན་པོར་གཅེར་བའི་འཆི་གསོན་གྱི་མིག་འདངས་རེ་རེར།
ད་དུང་གྱང་ཆག་གི་གས་སྲུབ་སུ་བསྲིངས་པའི་རེ་བའི་ལག་ཟུང་དག
སྐྱེ་འཆིའི་བར་མཚམས་ནས་འཇིག་སྐྲག་གི་སྡུག་བསྔལ་མྱོང་དུས།
འུ་ཚོས་དཀྱེལ་ཡངས་པའི་སྙིང་རྗེའི་མེ་སོན་རེ་རེས།
ཁོ་ཚོའི་སེམས་ཁོངས་ལ་སྙིང་སྟོབས་ཀྱི་སྤྲོ་ཅིག་བསྐྱེད་ཐུབ་པར་སྨོན།
ས་ཆེན་གྱི་འཇིག་པ་ལ་གཡོ་གཟུར་མེད་ནའང་།
ཤོར་ཟིན་པའི་ཚེ་སྲོག་དང་འགྱེལ་ཟིན་པའི་ཁང་ཁྱིམ་དག་ནི།
མ་གཞི་ནས་སོས་དཀའ་བའི་རྨ་ཁ་དང་བརྗེད་དཀའ་བའི་ན་ཟུག་ཅིག་ཅི་ལ་མིན་ཨང་།
ད་ལྟ་མྱུར་སྐྱོབ་ཀྱི་དམག་མི་ཆུ་ལྟར་བཞུར་ནས་འོང་ཀིན་འདུག
རྒུད་སྐྱོབ་ཀྱི་ཟོག་སྐྱེལ་རླངས་འཁོར་འཕྲེད་ལ་གཤར་ནས་ཡོང་ཀིན་འདུག
སེམས་དཀར་བའི་སྦྱིན་གཏོང་མཁན་དང་གཞུང་དྲང་བའི་བོད་མི་རྣམས།
ཁྱེད་ཚོ་དང་འདྲ་བར་སྐྱི་གཡའ་བའི་རང་བྱུང་གི་ཆག་སྒོ་འདི་ལ་རྒྱལ་ཐབས་བྱེད་ཀྱི་ཡོད།
བྱིས་པ་ཞིག་འཇིགས་སྐྲག་གི་ངུ་ངག་དང་བཅས་ཏེ་ཨ་མར་འཐམས་པ་ན།
ཨ་མས་བྱིས་པའི་མགོ་བོར་བྱིལ་བྱིལ་བྱེད་བཞིན་སྐྲག་མི་དགོས་ལོ་ལོ།
དྲག་ཆར་གྱི་གཞུག་ན་ཉི་གཞོན་གི་དྲོལ་ཁོལ་ཡོད་ཟེར།
ཡུལ་ཤུལ།
འུ་ཚོས་མཉམ་དུ་སྙིང་སྟོབས་བསྐྱེད།
སྡུག་བསྔལ་གྱི་སྨག་རུམ་འདིའི་མཐའ་ན་དྲོད་འཇམ་གྱི་ཉི་འོད་ཡོད།
དཔའ་ཞིང་འཛངས་པའི་མི་རིགས་ཤིག
འདི་ལྟར་རང་བྱུང་གི་ཆག་འཇིག་ལ་མགོ་བོར་སྨད་ག་ལ་སྲིད།
གྱང་ཆག་སྐྱ་ཉིལ་འདིའི་ཁྲོད་ནས་
འུ་ཚོས་བསྐྱར་དུ་དཀའ་དུས་སེམས་ངལ་གསོ་སའི་ཁྱིམ་གཞིས་ཤིག་བསྐྱར་བསྐྲུན་བྱ།
འདི་ནི་འདས་པོ་ཚོ་དག་ཞིང་འགྲིམས་པའི་ལམ་བྲོ་ཞིག་ཅི་ལ་མིན་ཨང་།
ངའི་ཞེ་འདང་ཆེ་བའི་སྤུན་ཟླ་ཚོ། ཡིད་མ་སྐྱོ། དཔའ་སྐྱེད་ཅིག།
རྩོམ་ཁུངས། ངེད་དྲ་བ།