ང་དེ་རིང་ནས་ཤི་སོང༌།
དམར་པོ་སྙིང་གི་སྲོག་རྩ་བཅད་ནས་གྱེས་བྲལ་སྐྱོ་བ་ཁྲག་གིས་བྲིས།།
རེ་སྒུག་སྟོང་གི་ཉིན་མཚན་བར་ནས་བརྩེ་བའི་འོ་ཆུ་ཁྲག་ལ་འགྱུར།།
ཁྱོད་ལ་བཏབ་པའི་སྨོན་ལམ་རིང་མོར་བྱིན་རླབས་གདོན་གྱི་ཚན་ཁ་ཞུག།
འགྱོད་གདུང་སྡུག་གི་ཚོར་བ་ཟབ་མོ་ཤ་དང་རུས་པའི་གཏིང་ནས་འཕྱིར།།
ལོ་གསུམ་འགྲོགས་པ་མདང་གི་རྨི་ལམ་ནམ་མཁའི་འཇའ་ལྟར་གང་དུ་ཡལ།།
ཕྱིར་དྲན་སེམས་ན་ཡོད་ཡོད་འདྲ་བའི་ཁྱོད་ཀྱི་ཞལ་རས་སེམས་ལ་འཁོར།།
སྐྱོ་བའི་མིག་ཆུ་མཁུར་ལས་ལྷུང་དུས་གསོན་ལ་རེ་བའི་དམ་བཅའ་ལྷོད།།
ཉམས་ཆུང་དབུགས་ཀྱི་སྐྱོར་ཡ་འདིས་ཀྱང་མི་རྟག་རྒྱུ་མའི་སྐྱོ་གར་འཁྲབས།།
འཁྲེངས་ཞེན་སྡུག་གི་ཁྲིམས་ཁ་འདི་ནས་རེ་བ་ནག་པོ་ས་ལ་ཟགས།།
སྟོང་སྣང་སེམས་ཀྱི་དྲན་ཕྱོགས་རེ་ན་ཁྱོད་ལ་སྒུག་པའི་ལོ་ཟླ་དགེས།།
ཉམས་ཆུང་སེམས་པའི་ཕྱི་ནང་བར་ན་རེ་བའི་མིག་ཟུང་ཁྱོད་ལ་ཤོར།།
སྐྱིད་སྡུག་འདྲེས་མའི་ལམ་བུ་འདི་ནས་ཁྱོད་ལ་འགྲོགས་པའི་ལོ་ཟླ་ཐུང༌།།
༢༠༡༠ ༣ ༡༤
རྩོམ་ཁུངས། ངེད་དྲ་བ།